༉ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ དར་དཀར་ནང་གི་ རྒེད་འོག་༣ གྱི་ གདམ་ངོའི་འཛོམས་འདུ་གི་ གྲུབ་འབྲས་གསལ་སྟོན་འབད་བའི་ཤུལ་ལུ་ དར་དཀར་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ མི་ངོམ་བསྡོམས་༡༠ ཐོན་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༢༠ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ དར་དཀར་ནང་གི་ རྒེད་འོག་༡༤ དང་ ཁྲོམ་སྡེ་འབདཝ་ད་ དེ་གི་དོན་ལུ་ མི་ངོམ་༡༦ ཐོན་ཡོད་ས་ལས་ ཁོང་༡༠ གྱིས་ འཛོམས་འདུ་ནང་ལས་ མཐར་འཁྱོལ་བྱུང་ཡོདཔ་ཨིན།
དཀར་ནག་རྒེད་འོག་ལས་ སྐྱེས་ལོ་༢༦ ལང་མི་ རྒྱ་གར་ཊ་མིལ་ན་ཌུ་ ཀོམ་བའི་ཊོར་གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ ཟླ་བ་རི་རྒྱལ་གྱིས་ རྒེད་འོག་འཛོམས་འདུ་ལས་ གདམ་འཐུ་གྲུབ་ཡོདཔ་ཨིན།
ཟླ་བ་རི་རྒྱལ་དང་གཅིག་ཁར་ དོ་འགྲན་འབད་མི་དེ་ ཨམ་སྲུའི་གདམ་ངོ་ཕུད་རྡོག་གཅིག་ཨིན་མི་ ཕྱག་རྡོར་དབང་མོ་ཨིནམ་ད་ མོ་གིས་ ཟླ་བ་རི་རྒྱལ་དང་ཕྱདཔ་ད་ ཚོགས་རྒྱན་ཉུང་སུ་ ཐོབ་ཡོདཔ་ལས་ མོ་གདམ་འཐུ་གྲུབ་མ་ཚུགསཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༠ ལུ་ དཀར་ནག་རྒེད་འོག་བདག་སྐྱོང་ནང་སྦེ་ རྒེད་འོག་གདམ་ངོའི་འཛོམས་འདུ་འགོ་འདྲེན་འཐབ་ས་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༩༨༧ འོང་མིའི་གྲས་ལས་ ཟླ་བ་རི་རྒྱལ་གྱིས་ ཚོགས་རྒྱན་༦༠༨ ཐོབ་ཡོདཔ་ད་ ཕྱག་རྡོར་དབང་མོ་གིས་ ཚོགས་རྒྱན་༣༨༤ ཐོབ་ཅི།
ཟླ་བ་རི་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ག་དེམ་ཅིག་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་རྒྱལ་ཁ་འཐོབ་པ་ཅིན་ ཁྲིམས་དང་སྲིད་བྱུས་བསྐྱར་གསོ་འབད་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
ཕྱག་རྡོར་དབང་མོ་གིས་འབད་བ་ཅིན་ མོ་གི་དོན་ལུ་ རྒྱལ་ཁ་མ་ཐོབ་མི་ལུ་ བློ་འགྱོད་རྩ་ལས་མེད་ཟེར་ཨིནམ་ད་ དེ་ཡང་ ཁག་ཆེཝ་དེ་ཡང་ མི་སེར་ལུ་ གདམ་ཁ་བྱིན་ནི་དེ་ཨིནམ་ལས་ མོ་རའི་ ཁ་ཐུག་ལས་ ག་དེ་དྲག་དྲག་ རྩ་འགེངས་ཡི་ཟེར་ཨིན་པས།
དར་དཀར་ནང་ལུ་ རྒེད་འོག་༡༤ དང་ཁྲོམ་སྡེ་ཚུ་འབདཝ་ད་ ཚོགས་རྒྱན་བཙུགས་པ་འོང་མི་གི་ གྱངས་ཁ་མཐོ་ཤོས་དེ་ར་ དཀར་ནག་རྒེད་འོག་ནང་ཨིན་པས།
བཙན་མདའ་སྒང་རྒེད་འོག་གིས་ སྐྱེས་ལོ་༣༦ ལང་མི་ སློབ་དཔོན་བགྲེསཔ་ཅིག་ཨིན་མི་ བི་རིན་ད་ར་ཅི་མོ་རི་ གདམ་འཐུ་འབད་ཡོདཔ་ད་ ཁོ་གིས་ ཚོགས་རྒྱལ་བསྡོམས་༥༧༩ ནང་ལས་ ཁོ་དགོ་ཟེར་བའི་ ཚོགས་རྒྱན་༥༠༥ དང་མི་དགོ་ཟེར་བའི་ཚོགས་རྒྱན་༧༤ ཐོབ་ཅི།
བི་རིན་ད་ར་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་ཚེ་ ཚོགས་རྒྱན་བཙུགས་པར་འོང་མི་ མི་སེར་ཡོངས་དང་ ཁོ་ལུ་རྒྱབ་སྐྱོར་འབད་མི་ མི་སེར་ཡོངས་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ཁེ་སྦིས་སའི་ མི་སེར་ཚུ་གིས་ སྐྱེས་ལོ་༤༠ ལང་མི་ མཁོ་སྒྲུབ་འགོ་དཔོན་ སངས་རྒྱས་འཕྲིན་ལས་ གདམ་འཐུ་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མི་སེར་ཚུ་ ཁོང་རའི་ལཱ་གཡོག་གིས་ དལ་ཁོམ་མེད་དེ་འབད་རུང་ དུས་ཚོད་བཏོན་ཏེ་ ཚོགས་རྒྱན་བཙུགས་པར་འོང་སྟེ་ ཁོ་གདམ་འཐུ་འབད་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
སངས་རྒྱས་འཕྲིན་ལས་ཀྱིས་ ཁོ་དགོ་ཟེར་བའི་ཚོགས་རྒྱན་༢༥༦ ཐོབ་ཡོདཔ་ད་ མི་དགོ་ཟེར་བའི་ ཚོགས་རྒྱན་༥༥ ཐོབ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་དགོ་ཟེར་བའི་ ཚོགས་རྒྱན་ཐོབ་མི་དེ་ལུ་ སེམས་མ་དགའཝ་མེད་ཟེར་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ མི་སེར་ལ་ལོ་ཅིག་གིས་ མ་ཤེས་པར་ ཨེབ་འགྱོ་མི་ཡང་ འདུག་ཟེར་ཨིན་པས།
ཀརྨ་གླིང་རྒེད་འོག་ལས་ ལྟ་བཤལ་ལས་སྡེ་ནང་ འཛིན་སྐྱོང་མདོ་ཆེན་སྦེ་ལཱ་འབད་མི་ བིར་ཁ་བྷ་དུར་སུ་བྷ་ གདམ་འཐུ་འབད་ནུག།
གཙང་ཁ་རྒེད་འོག་མགོ་བཞི་ བཀྲིས་སྡིངས་ ནི་ཅུ་ལ་ དེ་ལས་ དར་དཀར་ཁྲོམ་ལས་ མི་ངོམ་ཕུད་རྡོག་གཅིག་ཡང་ མ་ཐོནམ་ཨིན་པས།
རྒྱལ་ཁབ་ནང་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་མཐོ་ཤོས་དེ་ དར་དཀར་ནང་ལས་ཐོན་ཡོདཔ་ད་ དེ་ཡང་ རྫོང་ཁག་གཅིག་ནང་ལས་ མི་ངོམ་༢༢ ཐོན་ཡོད་རུང་ ཤུལ་ལས་ རྒེད་འོག་གདམ་ངོའི་འཛོམས་འདུ་ འགོ་འདྲེན་མ་འཐབ་པའི་ཧེ་མར་ མི་ངོམ་༦ གིས་ དགོངས་ཞུ་འབད་བའི་ཤུལ་ལུ་ མི་ངོམ་༡༦ ལུས་ཡོདཔ་ཨིན།
མི་ངོམ་༡༦ ཡོད་ས་ལས་ རྒེད་འོག་གདམ་ངོའི་འཛོམས་འདུ་ནང་ལས་ མི་ངོམ་༦ ཆ་མེད་སོང་པའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ མི་ངོམ་༡༠ ལྷོད་ཡོད་ལས་ མི་སེར་ཚུ་གིས་ མི་ངོམ་༡༠ ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ གདམ་འཐུ་འབད་ནི་གི་ གོ་སྐབས་ཡོདཔ་ཨིན་པས།
རྫོང་ཁག་རྩོད་རྙོགས་ཚོགས་ཆུང་ནང་ ད་ལྟོ་ དར་དཀར་ནང་གི་ རྒེད་འོག་གདམ་ངོའི་འཛོམས་འདུ་དང་ བཙག་འཐུ་གི་ཐད་ཁར་ ཉོགས་བཤད་ཕུད་རྡོག་གཅིག་ཡང་ མ་ལྷོདཔ་ཨིན་པའི་གནས་ཚུལ།
དར་དཀར་ནང་ལས་ ཡེ་ཤེས་སྒྲོལ་མ།