སཱུན་ཀོཤ་ཁྲོམ།

དར་དཀར་ནང་གི་ མི་སེར་ཚུ་ སཱུན་ཀོཤ་གློག་མེ་ལས་འགུལ་ལུ་ རེ་བ་སྦོམ་བསྐྱེད་དོ་ཡོདཔ།

༉ ད་རེས་ཀྱི་ དུས་ཚོད་ནང་ སཱུན་ཀོཤ་གློག་མེ་ལས་འགུལ་དེ་ དར་དཀར་ནང་རྫོང་ཁག་གི་ མི་སེར་ཚུ་གི་དོན་ལུ་ གཙོ་རིམ་ཅན་ཅིག་ཨིན་མི་དེ་ཡང་ ལས་འགུལ་དེ་ལུ་བརྟེན་ རྫོང་ཁག་དེ་ དབུལ་ཕོངས་ཀྱི་ གནས་ཚད་ནང་ལས་ དུམ་གྲ་ཅིག་ ཕྱིར་འཐོན་འབད་ནིའི་ རེ་བ་བསྐྱེདཔ་ཨིན་པས།
སྐྱེས་ལོ་༦༣ ལང་མི་ དཀར་པོ་རྡོ་རྗེ་གིས་ རྫོང་ཁག་ནང་གི་འཛུལ་སྒོ་ སཱུན་ཀོཤ་ཁྲོམ་ནང་ ཚོང་ཁང་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་༣ ལྷག་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཁོ་ འགོ་དང་པ་ ས་གནས་ནང་ ལྷོད་པའི་བསྒང་ལས་ ས་གནས་དེ་ནང་ གློག་མེ་ལས་འགུལ་ གཞི་བཙུགས་འབད་ནིའི་ ལོ་རྒྱུས་ཐོན་ཡོད་རུང་ ད་ལྟོའི་བར་ན་ཡང་ འགོ་བཙུགས་མ་ཚུགས་པར་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ བཙག་འཐུའི་དུས་ཚོད་ཨིནམ་ལས་ ཚོགས་པ་ག་ར་གིས་ ལས་འགུལ་དེ་ འགོ་བཙུགས་ནིའི་ ཁས་བླངས་འབད་དོ་ཡོདཔ་ལས་ འཕྲལ་མགྱོགས་ར་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྫོང་ཁག་གཞན་ཚུ་དང་ རྒྱལ་ཡོངས་ཀྱི་ གཞུང་ལམ་དང་ མཐུད་སྦྲེལ་མེད་པའི་ སཱུན་ཀོཤ་ཁྲོམ་དེ་ ལོ་ངོ་བཅུ་ཕྲག་མང་རབས་ཅིག་ དེ་སྦེ་ར་ ལུས་ཡོདཔ་ད་ སྤྱི་ལོ་༡༩༩༠ ལས་ཚུར་ རྩི་རང་དང་ དར་དཀར་ནང་གི་ མི་སེར་ཚུ་ བདུན་ཕྲག་ངལ་གསོའི་སྐབས་ ཁྲོམ་དེ་ནང་ འོང་ཡོདཔ་ལས་ གོང་འཕེལ་འགྱོ་བའི་བསྒང་ཨིན་མི་ ཁྲོམ་ཅིག་ཨིནམ་བཞིན་དུ་ ལས་འགུལ་འགོ་བཙུགས་པ་ཅིན་ ལོག་སྟེ་ར་ འུར་བྱེལ་ཆེ་བའི་ཁྲོམ་ལུ་sའགྱུར་ནིའི་ རེ་བ་ཡོད་ཟེར་ དཀར་པོ་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལོའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ཀྱི་ ཐོ་དང་འཁྲིལཝ་ད་ དར་དཀར་ནང་དེ་ རྫོང་ཁག་༢༠ འི་ གྲས་ལས་ རྫོང་ཁག་སྐྱོ་དྲགས་ཅིག་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་ད་ སྙན་ཞུའི་ནང་ དབུལ་ཕོངས་ཐོག་སྡོད་མི་ མི་འབོར་ཡོངས་བསྡོམས་ལས་༢༦,༩༥༣ དང་ བརྒྱ་ཆ་༤༠ དེ་ རྫོང་ཁག་༣ ནང་ཡོདཔ་སྦེ་བཀོད་ནུག།
མི་སེར་ཚུ་གིས་ རྫོང་ཁག་ནང་ གོ་སྐབས་ཉུང་མི་དང་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནིའི་ ཚོང་ལམ་མེད་མི་ལུ་བརྟེན་ གོང་འཕེལ་འགྱོ་མ་ཚུགས་པས་ཟེར་ བཤདཔ་ཨིན་པས།
སོ་ནམ་པ་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པའི་གཙོ་འཛིན་དང་ འདེམས་ངོ་ཚུ་གིས་ སཱུན་ཀོཤ་གློག་མེ་ལས་འགུལ་ གཞི་བཙུགས་འབད་ནིའི་ ཁས་བླངས་འབད་དེ་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་དང་ མཉམ་རུབ་ཚོགས་པ་༢ ལས་ ག་གིས་གཞུང་སྐྱོང་རུང་ ལས་འགུལ་དེ་ འགོ་བཙུགས་ནི་ཨིནམ་ལས་ སོ་ནམ་ཐོན་སྐྱེད་ཚོང་འབྲེལ་འཐབ་ནི་ནང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ དེ་ལས་ དཔལ་འབྱོར་གྱི་ ལས་སྣ་གཞན་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ཨིན་པས།
བཀྲིས་སྡིངས་རྒེད་འོག་ལས་ སྐྱེས་ལོ་༤༠ ལང་མི་ ཤེས་རབ་བཟང་མོ་ལུ་ མོ་རའི་ས་ཞིང་ གོང་འཕེལ་གཏང་ནིའི་ གོ་སྐབས་སྦོམ་ཡོད་མི་དེ་ཡང་ ལས་འགུལ་དེ་ མོ་གི་ གཡུས་མཇུག་ལུ་ གཞི་བཙུགས་འབད་ནི་ཨིན་པའི་ ལོ་རྒྱུས་གོ་ནི་དེ་གིས་ཨིན་པས།
མོ་གིས་ སླབ་མིའི་ནང་ རྒེད་འོག་ནང་ ལཱ་ག་ཅི་འབད་རུང་ འོང་འབབ་ཀྱི་ གཞི་ཅིག་དགོཔ་ལས་ མོ་གི་ ས་ཞིང་དེ་ རིན་གོང་མཐོ་སུ་སྦེ་བཙོང་ནི་ ཡང་ཅིན་ སྒྲིང་ཁྱིམ་རྐྱབ་སྟེ་ ཁང་གླར་གཏང་རུང་ བཏུབ་ནི་མས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ གློག་མེ་ལས་འགུལ་ཆེ་བ་༣ འགོ་བཙུགས་ནི་དང་ རྒྱ་གར་གཞུང་དང་གཅིག་ཁར་ ལས་འགུལ་གཞན་ཚུ་ འཕྲོ་མཐུད་འབད་ནི་སྦེ་ ཁས་བླངས་གསལ་བསྒྲགས་ནང་ བཀོད་ཡོདཔ་ད་ གློག་ཤུགས་མེ་ག་ཝཱཊ་༢,༥༦༠ འོང་ནི་ཨིན་མི་ སཱུན་ཀོཤ་དེ་ ལས་འགུལ་སྦོམ་ཤོས་༣ གྱི་གྲངས་སུ་ ཚུདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ནང་ རྒྱལ་ཁམས་ཀྱི་སྙན་ཞུ་ གསལ་ཞུ་འབད་བའི་སྐབས་ འདས་པའི་གཞུང་གི་ བློན་ཆེན་གྱིས་ སཱུན་ཀོཤ་གློག་མེ་ལས་འགུལ་ འགོ་བཙུགས་ནིའི་དོན་ལས་ རྒྱ་གར་གཞུང་དང་ གསུང་གྲོས་ཚུ་གནང་པའི་བསྒང་ར་ཡོད་ཟེར་ཞུ་ནུག།
འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ ཚོགས་པ་གིས་ སཱུན་ཀོཤ་དང་ ཀུར་རི་གོང་རི་ དེ་ལས་ ལས་འགུལ་གཞན་ཚུ་ལས་ གློག་ཤུགས་ཁ་སྐོང་མེ་ག་ཝཱཊ་༥,༢༠༠ ཐོན་སྐྱེད་འབད་འོང་ཟེར་ འཁོད་ཡོདཔ་ད་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ནང་ ཕན་ཚུན་གཞུང་གི་ལས་འགུལ་ གློག་ཤུགས་མེ་ག་ཝཱཊ་༢,༥༨༥ འབད་མི་ སཱུན་ཀོཤ་དང་ མེ་ག་ཝཱཊ་༢,༦༤༠ འབད་མི་ ཀུར་རི་གོང་རི་ གློག་མེ་ལས་འགུལ་ཚུ་ ལག་ལེན་འཐབ་ནི་སྦེ་ གསལ་བཀོད་འབད་ཡོད་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *