དར་དཀར་དཔལ་ལ་-དཱལ་བ་རིའི་གཞུང་ལམ་ འགོ་འབྱེད་འབད་ཡོདཔ།

དར་དཀར་དཔལ་ལ་-དཱལ་བ་རིའི་གཞུང་ལམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༢༢ ལུ་ ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་དང་ འབྲུག་ལུ་ ནི་དར་ལེནཌི་གི་གཞུང་ཚབ་ མར་ཊིན་ བེན་ བཱརག་གིས་ ཀི་ལོ་མི་ཊར་༨༠.༥ འབད་མི་ དར་དཀར་དཔལ་ལ་-དཱལ་བ་རི་གཞུང་ལམ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ལས་འགུལ་དེ་ཡང་ ནི་དར་ལེནཌི་གི་ གཞི་རྟེན་གོང་འཕེལ་མཐུན་རྐྱེན་གྱིས་ རྒྱབ་སྐྱོར་ཐོག་ལས་ སྤྱི་ལོ་༢༠༡༤ ལུ་ འགོ་བཙུགས་ཡོདཔ་ད་ གཞུང་ལམ་དེ་ལུ་བརྟེན་ ད་ལྟོ་ཡོད་པའི་ སཱུན་ཀོཤི་-དར་དཀར་ནང་བརྒྱུད་དེ་ ལྷོ་ཕྱོགས་ཀྱི་བྱང་ཤར་ ལྷ་མོའི་རྫིང་ཁ་དང་ ཀི་ར་བ་རི་གཞུང་ལམ་དང་ སྦྲེལ་མཐུད་འབད་ཚུགས་ནི་ ལྷན་ཐབས་བྱུང་ཚུགས་ནི་ཨིན་པས།
ཧེ་མ་འབད་བ་ཅིན་ དར་དཀར་ནང་གི་ མི་སེར་ཚུ་ ལྷ་མོའི་རྫིང་ཁ་དང་ ཡང་ཅིན་ ཕུན་ཚོགས་གླིང་ལུ་ འགྱོ་དགོ་པ་ཅིན་ ཀི་ལོ་མི་ཊར་༥༠༠ ལྷགཔ་སྦེ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་བརྒྱུད་དེ་ འགྱོ་དོ་ཡོདཔ་ཨིན་པས།
ཨིན་རུང་ གཞུང་ལམ་གསརཔ་ལུ་བརྟེན་ ལྷ་མོའི་རྫིང་ཁ་དང་ དར་དཀར་ན་གི་བར་ན་ རྒྱུན་འགྲུལ་འཐབ་པའི་ དུས་ཡུན་དེ་ ཆུ་ཚོད་༢ དེ་ཅིག་ མར་ཕབ་འབད་ཚུགས་ཏེ་ཡོདཔ་ད་ གཞུང་ལམ་དེ་གིས་ བཙན་མདའ་སྒང་དང་ སྒོ་ཞིང་གེ་སར་གླིང་ ཀརྨ་གླིང་ དེ་ལས་ རྡོ་རོ་ན་རྒེད་འོག་གི་ གུང་པ་༥༢༣ ལུ་ ཁེ་ཕན་བྱུང་ཚུགས་ནི་ཨིན་པས།
དེ་བཟུམ་སྦེ་ རྩིང་རང་དང་ ཆུ་ཁ་ གསར་སྤང་ དབང་འདུས་ཕོ་བྲང་ དེ་ལས་ ཀྲོང་གསར་གྱི་ མི་སེར་ཚུ་ལུ་ ཁེ་ཕན་བྱུང་ཚུགས་ནི་ཨིནམ་ད་ ཞབས་ཏོག་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གཞུང་ལམ་དེ་གིས་ མི་སྡེ་ཞི་བདེ་ གོང་འཕེལ་གཏང་ནི་དང་ དཔལ་འབྱོར་ཡར་དྲག་ལྷན་ཐབས་འབད་དེ་ ལུང་ཕྱོགས་དབུལ་ཕོངས་ཀྱི་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཐོན་སྐྱེད་ཡར་དྲག་གཏང་ནི་དང་ རྫོང་ཁག་ནང་ ཚོང་ལམ་བཟོ་ནི་ དེ་ལས་ ལམ་ཐག་ཆུང་ཀུ་བཟོ་སྟེ་ སྐྱེལ་འདྲེན་གྱི་ ཟད་འགྲོ་ཚུ་ མར་ཕབ་འབད་ཚུགས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ལྷ་མོའི་རྫིང་ཁ་དེ་ ས་མཚམས་ལུ་ ཆགས་ཏེ་ཡོདཔ་ལས་ མི་སེར་ཚུ་ གཞུང་གིས་ རྒྱ་གར་དང་ འབྲུག་གི་བར་ན་ ས་མཚམས་ཞལ་འཛོམས་ འགོ་འདྲེན་འཐབ་པའི་ཤུལ་ལས་ ས་གོ་དེ་ནང་ ལྟ་བཤལ་འཐོན་འཛུལ་ས་ཁོངས་བཟོ་ཐོག་ལས་ ཚོང་འབྲེལ་ཡར་དྲག་གཏང་ནི་ལུ་ རེ་བ་བསྐྱེད་དེ་ཡོདཔ་ཨིན་པས།
ད་རེས་ ལྷ་མོའི་རྫིང་ཁ་དྲུང་ཁག་གི་ སོ་ནམ་ཐོན་སྐྱེད་འབད་མི་དང་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཚོང་ཚུ་ཡང་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ལས་ འབག་འོང་དོ་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ དར་དཀར་ནང་ གནས་སྐོར་འབད་ནི་ ས་ཁོངས་ལེ་ཤ་ཡོདཔ་ལས་ གཞུང་ལམ་དེ་གིས་ ལུང་ཕྱོགས་ནང་ ལྟ་བཤལ་ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཁོར་ལམ་དེ་ རྫོང་ཁག་གོང་འཕེལ་གཏང་ནིའི་དོན་ལུ་ གལ་གནད་ཅན་ཅིག་ཨིནམ་ད་ ལྷ་མོའི་རྫིང་ཁ་ལས་ ས་མཚམས་སྒོ་ར་ ཕྱེ་བའི་བསྒང་ལས་ དཔལ་འབྱོར་དང་འབྲེལ་ གནད་དོན་ཚུ་ གོང་འཕེལ་འགྱོ་འོང་ཟེར་ཨིན་པས།
ད་རེས་ ས་ཁོངས་དེ་ འཐོན་འཛུལ་ས་ཁོངས་སྦེ་ ངོས་འཛིན་འབད་དགོཔ་སྦེ་ རྒྱ་གར་གཞུང་དང་ ཁ་སླབ་པའི་བསྒང་ཡོདཔ་ད་ ཕྱི་འབྲེལ་བློན་པོ་གིས་ ཞུ་ཡི།
ནི་དར་ལེནཌི་གི་གཞུང་ཚབ་ མར་ཊིན་ བེན་ བཱརག་གིས་ སླབ་མིའི་ནང་ གོང་འཕེལ་དང་ ཞི་བདེ་བཟོ་ནི་ལུ་ གཞི་རྟེན་མཐུན་རྐྱེན་དེ་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ཨིན་པས།
གཞུང་ལམ་བསལ་ནི་དེ་ སྤྱི་ལོ་༢༠༡༧ ལུ་ མཇུག་བསྡུ་དགོཔ་ཨིན་་རུང་ གནད་དོན་ལེ་ཤ་ལུ་བརྟེན་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པར་ ལུས་ཡོདཔ་ད་ ལས་འགུལ་གྱི་ལཱ་ དབྱེ་ཁག་ཁ་དང་ག་པའི་ ཁག་འབགཔ་དེ་ སྤྱི་ལོ་༢༠༡༥ ཟླ་༡ པའི་ནང་ དགོངས་ཕོག་བཏང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ལཱ་གི་དབྱེ་ཁག་དེ་༢ དེ་ དབྱེ་ཁག་༤ བཟོ་སྟེ་ རིན་བསྡུར་ལོག་འབད་དེ་ སྤྱི་ལོ་༢༠༡༧ ལུ་ ཁག་འབགཔ་གསརཔ་ལུ་ ལཱ་བྱིན་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ལམ་སེལ་ནི་ལཱ་ཚུ་ཡང་ དབྱེ་ཁག་༣ སྦེ་ བཟོ་ཡོདཔ་ཨིན་པས།
ལམ་སེལ་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསྟན་འཛིན་གྱིས་ སླབ་མིའི་ནང་ ལས་འགུལ་མཉམ་འབྲེལ་གྱི་ གནད་དོན་ལུ་བརྟེན་ ལཱ་དེ་ ལོ་༢ དེ་ཅིག་ ཡུན་འགྱངས་སྦེ་ ལུས་སོ་ཡི་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་འབད་བ་ཅིན་ གྱོན་གཟར་དྲགས་དང་ ས་གོ་དོག་དྲགས་ དེ་ལས་ ནད་ཡམས་ལུ་བརྟེན་ཨིན་ཟེར་ཨིནམ་ད་ དངུལ་ཀྲམ་ཐེར་འབུམ་༡.༥ གནས་པའི་ ལས་འགུལ་དེ་ ལམ་སེལ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ད་ ལས་འགུལ་གྱི་ ཟད་འགྲོ་བརྒྱ་ཆ་༥༠ ནི་དར་ལེནཌི་གི་གཞུང་གིས་ གྲོགས་རམ་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *