སེནཊ་ཇོ་སེཔ་སློབ་ཕྲུག་ཚུ་ ཕུན་ཚོགས་གླིང་ལུ་ ལྷོད་པའི་བསྒང་།

དར་ཇེ་ལིང་དང་ ཀ་ལིམ་པོང་ལས་ འབྲུག་མི་༡༠༠ ལྷགཔ་ཅིག་ ཕུན་ཚོགས་གླིང་ལུ་ལྷོད་ཡོདཔ།

༉ གོར་ཁ་ ཇཱན་མུག་ཏི་ མོར་ཅ་ཟེར་མི་ ལས་ཚོགས་ཀྱིས་ ལས་བཤོལ་ངོ་རྒོལ་འབད་མི་ལུ་བརྟེན་ གནོད་ཉེན་བྱུང་མི་ རྒྱ་གར་གྱི་ རི་ལྡན་ས་ཁོངས་ དར་ཇི་ལིང་དང་ ཀ་ལིམ་པོང་ལུ་ སྡོད་མི་དང་ ཤེས་ཡོན་སྦྱང་མི་ འབྲུག་པའི་སློབ་ཕྲུག་དང་ དགེ་སློང་ དེ་ལས་ འབྲུག་མི་གཞན་ཚུ་བརྩིས་ཏེ་ མི་གྲངས་༡༠༨ དེ་ཅིག་ ཁ་ཙ་ ཕུན་ཚོགས་གླིང་ལུ་ལྷོད་ནུག།
དེ་ཡང་ འབྲུག་མི་ཚུ་ དུས་ཚོད་སོ་སོའི་ནང་ ཕུན་ཚོགས་གླིང་དྲུང་ཁག་བདག་སྐྱོང་དང་ ཁྲིམས་སྲུང་འགག་པ་གི་ སྲུང་སྐྱོབ་སྐྱེལ་མའི་ཐོག་ལུ་ འོང་ཡོདཔ་ད་ འགོ་དཔོན་དེ་ཚུ་ བྲེལ་ཟིང་གི་ ས་ཁོངས་ཚུ་ནང་ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ སོང་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་གི་གྲས་ལས་ དར་ཇེ་ལིང་ སེནཊ་ཇོ་སེཔ་སློབ་གྲྭའི་ནང་ སློབ་རིམ་༣ པ་ལས་༡༢ པ་ཚུན་ དཔེ་ཆ་ལྷབ་མི་ བུཚ་༣༠ དང་ སློབ་ཕྲུག་གཞན་༢ ས་ཁོངས་དེ་ནང་ལས་ སློབ་གྲྭ་གཞན་ཚུ་ནང་ ལྷབ་མི་ཨིནམ་ད་ ཨ་ལོ་དེ་ཚུ་གིས་ ཁོང་རའི་ ཕམ་ཚུ་དང་གཅིག་ཁར་ ཁ་ཙ་དྲོ་པའི་ཆུ་ཚོད་༡༡ དེ་ཅིག་ཁར་ ཕྱད་ཚུགས་ཡོདཔ་ཨིན་པས།
དེ་ལས་ ཀ་ལིམ་པོང་ལས་འོང་མི་ དགེ་སློང་༦༣ དེ་ བྱང་ས་བདེ་ཆེན་ཆོས་གླིང་གྲྭ་ཚང་ལས་དང་ འབྲུག་མི་གཞན་༡༣ ཕུན་ཚོགས་གླིང་ལུ་ ཕྱི་རུའི་ཆུ་ཚོད་༥.༣༠ དེ་ཅིག་ཁར་ ལྷོད་ཡོདཔ་ཨིན་པས།
དེ་འབདཝ་ད་ འབྲུག་པའི་སློབ་ཕྲུག་༨༦ སི་ཀིམ་ལུ་ ཐོགས་ལུས་ཡོད་མི་དེ་ཡང་ ངོ་རྒོལ་འགྲེམས་སྟོན་ལུ་བརྟེན་ ལམ་དེ་ཚུ་ བཀག་བཞག་ནི་དེ་གིས་ཨིན་པས།
སློབ་ཕྲུག་དེ་ཚུ་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ སྲུང་སྐྱོབ་ཐོག་ལས་ ཁྱིད་འོང་ནི་ཨིན་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *