དམིགས་བསལ་ཤེས་ཡོན་མཁོ་འདོད་ལས་རིམ་ལུ་ གཙོ་རིམ།

༉ ཤེས་རིག་ལྷན་ཁག་གིས་ རྩི་རང་འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ དམིགས་བསལ་ཤེས་ཡོན་མཁོ་འདོད་ལས་རིམ་ཅིག་ འགོ་བཙུགས་མི་དེ་གིས་ དབང་པོ་སྐྱོན་ཅན་ཚུ་ལུ་ ཕན་ཁྱད་འབྱུང་ཚུགས་ནི་ཨིན་མས།
འཕྲལ་ཁམས་ཅིག་ཁར་ དབང་པོ་སྐྱོན་ཅན་གྱི་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ རྩི་རང་ལུ་ སྐྱེས་ལོ་༢ ལས་༩ གི་བར་ན་འབད་མི་ ཨ་ལོ་དབང་པོ་སྐྱོན་ཅན་ བརྒྱ་ཆ་༣༣ ཡོད་མི་དེ་ རྒྱལ་ཁབ་ནང་ མཐོ་ཤོས་ཅིག་ཨིན་མས།
དམིགས་བསལ་ཤེས་ཡོན་མཁོ་འདོད་ལས་རིམ་གྱིས་ ཨ་ལོ་དབང་པོ་སྐྱོན་ཅན་ཚུ་ ལྕོགས་གྲུབ་ཅན་བཟོ་ནིའི་ ཁས་བླངས་འབད་ཡོདཔ་མ་ཚད་ མི་སྡེའི་གྲས་ཁར་བཙུགས་ཞིནམ་ལས་ འདྲ་མཉམ་ཐོག་ བརྩི་འཇོག་འབད་ནི་ཟེར་ཨིན་མས།
ཨ་ལོ་དབང་པོ་སྐྱོན་ཅན་ཚུ་ ཤེས་རིག་གི་ལམ་ལུགས་ནང་ གྲལ་གཏོགས་འབད་བཅུག་ཞིནམ་ལས་ ཤེས་ཡོན་སྦྱང་ནིའི་གོ་སྐབས་ འདྲ་མཉམ་སྦེ་བྱིན་ནི་ལུ་ རྒྱབ་སྐྱོར་འབད་དགོཔ་ད་ འབྲུག་ལུ་ སློབ་གྲྭ་མང་རབས་ཅིག་ནང་ དམིགས་བསལ་ཤེས་ཡོན་མཁོ་འདོད་ལས་རིམ་ འགོ་བཙུགས་ཡོད་མི་ལུ་ལྟཝ་ད་ ང་བཅས་རའི་ ཤེས་རིག་ལམ་ལུགས་ནང་ ཡར་རྒྱས་གོང་འཕེལ་འགྱོ་བའི་ བརྡ་མཚོན་སྟོནམ་ཨིན་མས།
དབང་པོ་སྐྱོན་ཅན་འབད་མི་ ཨ་ལོ་ཚུ་ ཤེས་ཡོན་སྦྱང་ནིའི་དོན་ལུ་ མཁོ་འདོད་མ་འདྲཝ་ཡོད་མི་ལུ་བརྟེན་ ང་བཅས་རའི་ ཤེས་རིག་ནང་ སློབ་སྟོན་ལམ་ལུགས་ཚུ་ ངོ་རྐྱང་གི་ཐོག་ལས་ འཆར་གཞི་ལེགས་ཤོམ་བརྩམ་སྟེ་ ལྟ་རྟོག་འབད་དགོཔ་ཨིན་མས།
དེ་བཟུམ་སྦེ་ སློབ་སྟོན་བྱ་རིམ་དང་ འོས་མཐུན་མཁོ་ཆས་ དེ་ལས་ ཐོབ་སྤྱོད་འབད་ཚུགས་པའི་ རྒྱུ་ཆས་ཚུ་ དགོཔ་ཨིན་མས།
འབྲུག་པའི་ཨ་ལོ་ སྐྱེས་ལོ་༢ ལས་༩ གི་བར་ན་འབད་མི་ བརྒྱ་ཆ་༢༡ ལྷགཔ་ཅིག་ དབང་པོ་ལུ་ཐོ་ཕོག་མི་དེ་ ཚ་གྱང་ཆེ་བའི་གནད་དོན་ཅིག་ཨིནམ་ད་ དེའི་ནང་ལས་ མང་ཤོས་ར་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ཨིན་མས།
ད་ལྟོ་ རྒྱལ་ཁབ་ནང་ དམིགས་བསལ་ཤེས་ཡོན་མཁོ་འདོད་ལས་རིམ་ཡོད་མི་ སློབ་གྲྭ་༡༥ ཡོདཔ་ལས་ དགོས་མཁོ་གཞན་ཚུ་ཡང་ ངེས་པར་དུ་ བསྒྲུབ་དགོཔ་ད་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ དབང་པོ་སྐྱོན་འབད་མི་ཨ་ལོ་ཚུ་ སློབ་གྲྭ་ནང་བཙུགས་ཡོདཔ་མ་གཏོགས་ ཡར་ཐོན་སྦོམ་ཅིག་ མེདཔ་ཨིན་མས།
ད་རེས་ དམིགས་བསལ་ཤེས་ཡོན་མཁོ་འདོད་ལས་རིམ་ཡོད་མི་ སློབ་གྲྭ་ཚུ་ནང་ སློབ་དཔོན་མ་ལང་པའི་ཁར་ དབང་པོ་སྐྱོན་ཅན་ཚུ་དང་གཅིག་ཁར་ འབྲེལ་འཐབ་འབད་ནིའི་དོན་ལུ་ སྦྱོང་བརྡར་ཅན་དང་ ཡང་ཅིན་ དམིགས་བསལ་གྱི་ སློབ་དཔོན་ཚུ་ མེདཔ་ཨིན་མས།
ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ དམིགས་བསལ་ཤེས་ཡོན་མཁོ་འདོད་ལས་རིམ་གྱི་ སློབ་དཔོན་མང་ཤོས་ར་ དམིགས་བསལ་ཤེས་ཡོན་ནང་ ཁྱད་རིག་ལྡན་པའི་ ཤེས་ཚད་མེདཔ་ལས་ དེ་གིས་ སློབ་དཔོན་ཚུ་ལུ་ བློ་སྤོབས་དང་ སེམས་ཤུགས་བྱིན་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོདཔ་ཨིན་མས།
དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ ཤེས་རིག་ལམ་ལུགས་ སྒྲིང་སྒྲི་བཟོ་དགོ་པ་ཅིན་ གོང་གི་གནད་དོན་ཚུ་ སེམས་ཁར་ངེས་ཞིནམ་ལས་ དཀའ་ངལ་སེལ་ཐབས་འབད་དགོཔ་ཨིནམ་ད་ དེ་སྦེ་ སྣང་མེད་ཐོག་བཞག་པ་ཅིན་ སློབ་གྲྭ་ཚུ་ནང་ དམིགས་བསལ་ཤེས་ཡོན་མཁོ་འདོད་ལས་རིམ་ གཞི་བཙུགས་འབད་ནི་དེ་ དོན་སྨིན་འབྱུང་མི་ཚུགས་ནི་མས།
ང་བཅས་ར་ སེམས་ནད་ཡོད་མི་དང་ རྩ་ཁམས་མེདཔ་ཐལ་མི་ཚུ་གི་ དཀའ་ངལ་བསལ་ནིའི་དོན་ལུ་ ཆེ་མཐོའི་དབང་འཛིན་ལས་ར་ རྒྱབ་སྐྱོར་ཡོད་མི་དང་བསྟུན་ མི་སྡེ་ནང་ རྣམ་རྟོག་བསྐྱེད་ནི་དང་ དབྱེ་ཁག་ཕྱེ་ནི་ཚུ་ མེདཔ་བཟོ་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ཨིན་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འདི་བ་ལྷགཔ་སྦེ་ རྒྱབ་སྐྱོར་སྒྲིང་སྒྲི་འབད་བ་ཅིན་ ཕན་རླབས་ཆེ་ནི་ཨིན་མས།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *