ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ།

དམིགས་བསལ་གྱི་ཁག་འབག་ཐོག་ ལཱ་གཡོག་བྱིན་ནི་དེ་ ཆ་མེད་བཏང་ཡོདཔ།

༉ ད་རེས་ནངས་པར་ དམིགས་བསལ་ཁག་འབག་དང་ གཏན་འཇགས་ཁག་འབག དེ་ལས་ མཉམ་སྡེབ་ཁག་འབག་ཐོག་ལུ་ ལཱ་གཡོག་ནང་བཙུགས་མི་དེ་ ལམ་ལུགས་གསརཔ་ཅིག་ མེན་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ ར་ལྡི་དང་ སག་སྟེང་གི་འཐུས་མི་ འཇིགས་མེད་དབང་ཕྱུག་གིས་ ལཱ་གཡོག་འཚོལ་མི་ཚུ་ལུ་ གནད་དོན་ག་ཅི་ལུ་བརྟེན་ དེ་བཟུམ་མའི་ ཁག་འབག་ཐོག་ལུ་ བཙུགསཔ་ཨིན་ན་ཟེར་ དྲི་བཀོད་འབད་བའི་ ལན་གསལ་སྦེ་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ཞུ་ཡི།
འཐུས་མི་གིས་ ཞུ་མིའི་ནང་ སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ཏེ་ ད་ཚུན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོགཔ་༡,༣༠༠ དེ་ཅིག་ ཁག་འབགཔ་ཐོག་ལུ་ བཙུགས་ནུག་ཟེར་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ ཁག་འབགཔ་ཐོག་ལུ་ ལཱ་གཡོག་ནང་བཙུགས་མི་དེ་ ཧེ་མ་ལས་ཡོད་པའི་ ལམ་ལུགས་གུ་ འཕྲོ་མཐུད་འབད་དོ་ཟེར་ཨིནམ་ད་ ཨིན་རུང་ ད་ལྟོ་ དམིགས་བསལ་གྱི་ ཁག་འབག་ཐོག་ལས་ ལཱ་གཡོག་བྱིན་ནིའི་སྲོལ་དེ་ ད་རེས་ ཆ་མེད་བཏང་སྟེ་ ཡོད་ཟེར་ཨིན་པས།
ཁག་འབག་ཐོག་ ཞི་གཡོགཔ་ནང་བཙུགས་མི་དེ་ ད་རེས་ གཞུང་གིས་ གཞི་བཙུགས་འབད་འབདཝ་ མེན་ཟེར་ཨིནམ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དེ་ རང་དབང་གི་ གཙུག་སྡེ་ཅིག་ཨིནམ་ལས་ ལྷན་ཚོགས་ཀྱིས་ ཁོང་རའི་ བཅའ་ཁྲིམས་དང་འཁྲིལ་ཏེ་ ཞི་གཡོག་ནང་གཙུགས་དོ་ཡོདཔ་ལས་ གཞུང་གིས་ ལགཔ་རྐྱབ་ནི་མེད་ཟེར་ཨིན་པས།
ལམ་ལུགས་དེ་ ཧེ་མ་ལས་ཡོདཔ་ལས ཤུལ་ལས་འབད་རུང་ འབད་འོང་ཟེར་ཨིནམ་ད་ གཞུང་སྒེར་ནང་ ལཱ་འབད་མི་ཚུ་ ཁག་འབག་ཐོག་ལུ་ བཙུགས་པའི་སྐབས་ འཇམ་ཏོང་ཏོ་ཅིག་མེད་ཟེར་མི་དེ་ཡང་ ཧེ་མ་ར་ ས་སྟོང་གསལ་བསྒྲགས་ འབད་བའི་ཤུལ་ལས་མ་གཏོགས་ བཙུགས་ནི་མེད་ཟེར་ བློན་པོ་གིས་ ཞུ་ཡི།
གལ་སྲིད་ མི་ངོམ་ཚུ་གི་ ཁག་འབག་གི་དུས་ཡུན་དེ་ ཚང་སོ་པ་ཅིན་ གཞུང་སྒེར་གྱི་ཇོ་བདག་དང་ ལཱ་འབད་མི་༢ ཀྱི་བར་ན་ གྲོས་བསྟུན་འབད་དེ་ ཁ་འཆམ་པའི་ཤུལ་ལས་རྐྱངམ་གཅིག་ ཁག་འབག་གི་དུས་ཡུན་དེ་ བསྐྱར་གསོ་འབད་དོ་ཟེར་ཨིནམ་ད་ གན་རྒྱ་གི་ དུས་ཡུན་མ་ཚང་ཚུན་ ལཱ་གཡོག་ནང་ལས་འབད་རུང་ བཏོན་བཏང་མི་ཆོག་ཟེར་ཨིན་པས།
ཁག་འབག་ཐོག་ལུ་ བཙུགས་པའི་སྐབས་ ཁེ་ཕན་ལེ་ཤ་ཡོད་མི་ཚུ་ཡང་ ལས་འཛིན་དང་ ལས་སྡེ་གི་ ཡིག་ཚང་ཚུ་གིས་ མ་དངུལ་ཚུ་ བསགས་ཚུགས་པའི་ཁར་ ཁོང་གིས་ དངུལ་ཕོགས་བརྒྱ་ཆ་༣༠ དེ་ཅིག་ ཐེབས་བསགས་ཚུགས་པའི་ ཁེ་ཕན་ཡོདཔ་ད་ གཏན་འཇགས་ཀྱི་ ལཱ་གཡོག་གོ་སྐབས་བྱིན་པ་ཅིན་ དགོངས་ཞུ་མ་འབད་ཚུན་ དངུལ་ཕོགས་དང་ འཐུས་ག་ར་ སྤྲོད་དགོ་ཟེར་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ ཞི་གཡོགཔ་༢༦,༩༢༨ དང་ ཁག་འབག་ཐོག་ལུ་ ལཱ་འབད་མི་༡,༣༡༧ ཡོདཔ་ཨིན་པས།
འཐུས་མི་འཇིགས་མེད་དབང་ཕྱུག་གིས་ ཞུ་མིའི་ནང་ ཧེ་མ་ ཁག་འབག་ནང་བཙུགས་མི་ སློབ་དཔོན་ཚུ་ སྤྱི་ལོ་༢༠༡༢ ལུ་ སློབ་དཔོན་ག་ར་ གཏན་འཇགས་བཟོ་ཐོག་ལས་ བསམ་རྩེ་ལུ་ སློབ་སྟོན་པ་སྦེ་ བཏང་ནུག་ཟེར་ཨིནམ་ད་ ཨིན་རུང་ བརྡ་དོན་འཕྲུལ་རིག་གི་ སློབ་དཔོན་ཚུ་འབད་བ་ཅིན་ གཞུང་གིས་ ཁོང་གི་ ཁག་འབག་གི་དུས་ཡུན་ བསྐྱར་གསོ་མ་འབད་མི་ལུ་བརྟེན་ དགོངས་ཞུ་འབད་དགོཔ་ བྱུང་ནུག་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ ད་རེས་ནངས་པ་ ལཱ་གི་ས་སྟོང་འཐོན་ཚེ་ གཞུང་གིས་ ལོ་༢ ཀྱི་ཁག་འབག་དོན་ལུ་ བཙུགས་མི་ལུ་བརྟེན་ གཞུང་དགོངསམ་ཞུཝ་ད་ ལཱ་འབད་མི་ཚུ་ཡང་ ཁོང་དང་གཅིག་ཁར་ དགོངསམ་ཞུ་དགོཔ་འཐོན་ནིའི་ གོ་སྐབས་འདུག་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ གཞུང་དགོངསམ་ཞུཝ་ད་ འགྱོ་དགོཔ་འཐོན་ནི་མས་ཟེར་ སླབ་མི་དེ་ལུ་ ངོས་ལེན་མེད་པའི་ཁར་ ཁག་འབག་གི་ གན་རྒྱ་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིནམ་ད་ གཞུང་དགོངསམ་ཞུ་འགྱོ་རུང་ གནས་ཡུན་མ་ཚང་ཚུན་ རང་སོའི་ལཱ་ནང་ སྡོད་དགོ་ཟེར་ཨིན་པས།
གཏན་འཁེལ་གྱི་ ལཱ་གཡོག་ལས་རིམ་ནང་ ལོ་༡ གི་ ཟླ་རིམ་དངུལ་ཕོགས་ཚུ་ གཞུང་དང་ ལས་སྡེ་༢ ཀྱི་བར་ན་ བགོ་བཤའི་ཐོག་ བྱིན་པའི་ཤུལ་ལས་ ལོ་༣ གྱི་ གོ་སྐབས་བཟོ་དགོཔ་ལས་ གཞུང་དང་གཅིག་ཁར་ འདྲན་འདྲ་སྦེ་ར་ དགོངསམ་ཞུ་དགོཔ་མེད་ཟེར་ ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ འདས་པའི་གཞུང་གིས་ མི་སྡེ་དང་ རྒྱལ་ཡོངས་ཀྱི་ ཁག་འབག་སློབ་དཔོན་༤༡༧ དེ་ཅིག་ སློབ་གྲྭ་ཁག་ནང་ གསར་བཙུགས་འབད་མི་ཚུ་ ཁག་འབག་གི་ གན་རྒྱ་ཚུ་ ཆ་མེད་མ་བཏང་པར་ གན་རྒྱ་དེ་ལུ་གནས་ཏེ་ ལཱ་གཡོག་བྱིན་ཏེ་ ཡོད་ཟེར་ཨིན་པས།
སྤྱི་ཕན་རིག་སྤེལ་ལས་འགུལ་དེ་ མཇུག་བསྡུ་ཞིནམ་ལས་ སློབ་དཔོན་ཚུ་ ལཱ་མེདཔ་ལས་ གློག་རིག་གི་ལས་རིམ་ཟེར་ གནམ་མཁའི་ལྡིང་ལས་རིམ་ནང་ འཛུལ་ཞུགས་འབད་ཞིནམ་ལས་ ད་ལྟོ་ ཁོང་ར་གིས་ ལཱ་འབད་ཚུགསཔ་བཟོ་སྟེ་ ཡོད་ཟེར་ཨིན་པས།
ཁག་འབགཔ་གི་ དུས་ཡུན་ཚང་བའི་ཤུལ་ལས་ ཞི་གཡོགཔ་ཚུ་ ལོག་བཙུགསཔ་ད་ མི་ངོམ་ཚུ་གི་ ལཱ་གི་གྲུབ་འབྲས་དང་ སྤུས་ཚད་ ཡོན་ཏན་ དེ་ལས་ ཉམས་མྱོང་བལྟ་ནི་དེ་ ཁག་ཆེ་ནི་ཨིན་རུང་ ལས་སྡེ་ཚུ་གི་ དགོས་མཁོ་དང་འཁྲིལ་ཏེ་ ཡར་སེང་འབད་དགོཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *