དམིགས་གཏད་འགྲུབ་ནི་ལུ་ རྒྱབ་སྐྱོར་དང་ འགན་ཁུར་འབག་དགོཔ།

༉ ང་བཅས་ར་ རི་དྭགས་སེམས་ཅན་དང་ མཐའ་འཁོར་སྲུང་སྐྱོབ་ཀྱི་ གནད་དོན་དེ་ རྒྱལ་ཁབ་ཀྱི་ འཕྲལ་ཕུགས་གཉིས་ལུ་ཕན་པའི་ གནད་དོན་གལ་ཅིག་ཨིནམ་ ག་ར་གིས་ མ་མཁྱེནམ་ཅིག་མེད།
དེ་འབདཝ་ལས་ བྷུ་ཊཱན་ ཕོར་ ལ་ཡེཕི་ཟེར་མི་ རི་དྭགས་སེམས་ཅན་དང་ མཐའ་འཁོར་སྲུང་སྐྱོབ་ཀྱི་ ལས་འགུལ་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ གྲ་སྒྲིག་སོང་ཡོད་པའི་སྐོར་ལས་ ཉིནམ་དག་པ་ཅིག་གི་ཧེ་མར་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་༢༠ གི་ མཉམ་འབྲེལ་ཞལ་འཛོམས་ཐེངས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་ནུག།
ལས་འགུལ་གཞི་བཙུགས་འབད་ནིའི་ ཐབས་བྱུས་དེ་ ལེགས་ཤོམ་ཅིག་ཨིན་རུང་ ང་བཅས་རའི་ འབྲུག་མི་ཀུན་དང་ ལྷག་པར་དུ་ མ་འོངས་གཞི་འཛིན་འབད་མི་ ཨ་ལོ་ཚུ་གིས་ ཧ་གོ་དགོཔ་དེ་ ག་ནི་བ་ ཁག་ཆེ་བས།
ལོ་གཅིག་གི་ཧེ་མར་ ཀེ་ན་ཌ་ལུ་སྦེ་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་མིའི་ནང་ བློན་ཆེན་གྱིས་ ཐབས་བྱུས་དེ་གི་སྐོར་ལས་ གསལ་བཤད་འབད་བའི་སྐབས་ སྲིད་བྱུས་རྩམ་མི་དང་ མཐའ་འཁོར་གནས་སྟངས་མཁནམ་ཚུ་ག་ར་ ངལ་རངས་དང་ ཡིད་ཆེས་བསྐྱེད་ཡོདཔ་ཨིན་རུང་ འབྲུག་མི་མང་ཤོས་ཅིག་གིས་ ལས་འགུལ་དེའི་སྐོར་ལས་ ཤེས་རྟོགས་མེདཔ་ཨིན་མས།
མ་གཞི་ རི་དྭགས་སེམས་ཅན་དང་ མཐའ་འཁོར་སྲུང་སྐྱོབ་ལས་འགུལ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་དང་ ཀ་ཆེན་ཚུ་དང་འཁྲིལ་ཏེ་ཨིནམ་ལས་ དཔལ་འབྱོར་ཡར་ཐོན་གྱི་ཧེ་མར་ དགའ་སྐྱིད་ལུ་ གཙོ་བོར་བཟུང་ནི་དང་ འཛམ་གླིང་གནས་ཚད་ཅན་གྱི་ མཐའ་འཁོར་ཉམས་སྲུང་འབད་ནིའི་ དམིགས་གཏད་ཨིན་མས།
དེ་བཟུམ་མའི་ ཐབས་བྱུས་དེ་ སྦོམ་ཅིག་ཨིནམ་ལས་ ལྷག་པར་དུ་ བརྩོན་ཤུགས་བསྐྱེད་དགོ་པའི་ གཞི་གནད་ཅིག་ཨིནམ་ད་ མ་གཞི་ ང་བཅས་རའི་ མཐའ་འཁོར་ཉམས་སྲུང་གི་ ཐབས་བྱུས་བཟང་པོ་ཚུ་ལུ་བརྟེན་ འཛམ་གླིང་གིས་ ངོས་འཛིན་ཐོག་ གཟེགས་ཐོན་རྟགས་མ་ཚུ་ཡང་ ཐོབ་ཡོདཔ་ཨིན།
དཔལ་འབྱོར་གོང་འཕེལ་གྱི་ ཐབས་ལམ་ནང་ མཐའ་འཁོར་ཉམས་སྲུང་གིས་ འགན་ཁུར་རྩ་ཅན་འབག་སྟེ་ཡོདཔ་ལས་ རྒྱལ་ཁབ་ནང་ ནགས་ཚལ་གྱི་ཁྱབ་ཚད་ བརྒྱ་ཆ་༧༠ ལས་ མ་ཉུངམ་ཅིག་སྦེ་ རྒྱུན་འཛིན་འཐབ་ནི་གི་ ཁས་བླངས་འབད་ཡོདཔ་བཞིན་དུ་ ཉམས་དགའ་བའི་ རྒྱལ་ཡོངས་གླིང་ཁ་ཚུ་ཡང་ གཅིག་གིས་གཅིག་ མཐུད་སྦྲེལ་འབད་དེ་ཡོདཔ་ཨིན།
རྒྱུ་མཚན་འདི་ལུ་བརྟེན་ ད་རེས་ནངས་པར་ འཛམ་གླིང་ནང་ ནགས་ཚལ་དང་ རང་བཞིན་གྱི་ཐོན་ཁུངས་ཚུ་ ཕྱིར་བཏོན་འབད་བའི་ སེམས་ཕམ་བྱུངམ་ད་ ང་བཅས་རའི་ ལོ་རྒྱུས་དེ་ མ་འདྲཝ་ཅིག་སྦེ་ གནས་བཞིན་ཡོདཔ་ཨིན།
རི་དྭགས་སེམས་ཅན་དང་ མཐའ་འཁོར་སྲུང་སྐྱོབ་ལས་འགུལ་དེ་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ས་ཁོངས་དང་ སྐྱེ་ལྡན་བར་འཁྱམས་ས་ཁོངས་ཚུ་ འཕོ་འགྱུར་མེད་པར་ རྒྱུན་འཛིན་འཐབ་ནིའི་དོན་ལུ་ ཡུན་བརྟན་ཅན་གྱི་ མ་དངུལ་བྱིན་ནིའི་ དམིགས་གཏད་ཨིན་མས།
དེ་འབདཝ་ལས་ ཕྱི་ཁའི་ སྔོ་ལྗང་ས་གཤིས་མ་དངུལ་གྱིས་ ལས་འགུལ་དེ་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༢༦.༥ བྱིན་ནི་གི་ ཁས་བླངས་འབད་ཡི་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ད་ མ་གཞི་ ལས་འགུལ་དེ་ལུ་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ དགོས་མཁོ་ཡོདཔ་ལས་ འབྲུག་མི་ག་ར་གིས་ ཐབས་བྱུས་བཏོན་མི་དེ་ལུ་ རྒྱབ་སྐྱོར་འབད་དགོཔ་འདུག།
ང་བཅས་ཀྱིས་ འདི་བཟུམ་མའི་ ཐབས་བྱུས་བཏོན་མི་དེ་ལུ་ རྒྱལ་ཁབ་ཕྱི་ནང་མེད་པའི་ མི་ག་ར་གིས་ ངོས་ལེན་ཐོག་ གྲོགས་རམ་དང་ རྒྱབ་སྐྱོར་ཚུ་ གང་དྲག་འབད་བ་ཅིན་ ནམ་ཅིག་གི་ཚེ་ གྲུབ་འབྲས་ལེགས་ཐོན་ འབྱུང་བའི་བསྒང་ལས་ ཆ་མཉམ་གྱིས་ ངལ་རངས་དང་ཡིད་ཆེས་ བསྐྱེད་ཚུགས་ཟེར་ ཞུ་ནི་ཨིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *