དམིགས་གཏད་ཅན་དང་ ཕན་ནུས་ཅན་གྱི་ སྲིད་བྱུས་བརྩམ་དགོཔ།

༉ རྒྱལ་ཁབ་ནང་ ཧེ་མ་དང་ཕྱདཔ་ད་ ཤེས་རིག་གི་གནས་སྟངས་དང་ ལམ་ལུགས་ཚུ་ ལེགས་བསྒྱུར་སོང་མི་དེ་ ལེགས་པའི་རྟགས་མཚན་ཅིག་ཨིན་རུང་ སྲིད་བྱུས་ཀྱི་ཐད་ཁར་ འཕྲལ་འཕྲལ་སྦེ་ར་ བསྒྱུར་བཅོས་འབད་མི་དེ་གིས་ བྱ་སྟབས་མ་བདེཝ་བྱུངམ་ཨིན་མས།
མ་གཞི་ ད་ལྟོ་བཟུམ་འབད་བ་ཅིན་ ཤེས་རིག་གི་སྲིད་བྱུས་གསརཔ་ཅིག་ བཟོ་སྟེ་ཡོདཔ་ད་ སྲིད་བྱུས་རྩམ་མི་ཚུ་གི་དོན་ལུ་འབད་བ་ཅིན་ ཤེས་རིག་གི་སྲིད་བྱུས་ བསྒྱུར་བཅོས་འབད་ནི་ལུ་ གདོང་ལེན་སྦོམ་ཅིག་ མི་འབྱུང་དོ་ཡོདཔ་ཨིན་རུང་ ལག་ལེན་འཐབ་མི་ཚུ་གི་ཐད་ཁར་ ལཱ་ཁག་རྐྱབ་ཨིན་མས།
ང་བཅས་ར་ སྲིད་བྱུས་ཚུ་ ཚར་གཅིག་གུ་ བསྒྱུར་བཅོས་འབདཝ་ད་ དེ་ལུ་བརྟེན་པའི་ གནོད་པ་ཡང་ མང་སུ་སྦེ་ར་ བྱུང་དོ་ཡོདཔ་ད་ དམིགས་བསལ་དུ་ ཤེས་རིག་དང་འབྲེལ་བའི་གནད་དོན་དང་ རྒྱལ་ཁབ་ཀྱི་ མ་འོངས་གནད་དོན་ཚུ་ ཧང་སྟོང་མར་ ཐག་གཅད་ནི་ལས་ འཛེམ་དགོཔ་འདུག།
ཤེས་རིག་གི་ སྲིད་བྱུས་གསརཔ་དེ་གིས་ ལམ་ལུགས་ནང་ ཕན་གནོད་འབག་འོང་ཚུགས་པ་ཅིན་ ལེགས་པའི་ཆ་རྐྱེན་ཅིག་ཨིན་རུང་ ང་བཅས་ཀྱིས་ དབྱེ་ཞིབ་འབད་ལྟཝ་ད་ ལམ་ལུགས་གསརཔ་ཅིག་ ག་ནི་ཡང་ མི་མཇལ་བས།
དཔེ་འབད་བ་ཅིན་ སློབ་དཔོན་དང་ སློབ་ཕྲུག་གི་དཔྱ་ཚད་དེ་ རྒྱལ་ཁབ་ནང་ ཡུན་རིང་གི་གནད་དོན་ཅིག་ཨིནམ་ད་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ང་བཅས་རའི་ སློབ་གྲྭ་ཚུ་ནང་ དཔྱ་ཚད་དེ་ ཚུལ་མཐུན་ཡོདཔ་ཨིན་རུང་ དེ་ལུ་ སློབ་དཔོན་ཚུ་ལས་ ངོས་ལེན་མེདཔ་ཨིན་མས།
མ་གཞི་ འདས་པའི་ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ཤེས་རིག་གི་སྲིད་བྱུས་ངོ་མ་ཅིག་ རྩ་ལས་མེདཔ་ད་ དེ་ཡང་ ནེཔ་ཟེར་མི་ སློབ་སྟོན་ལམ་ལུགས་ཅིག་ གཞི་བཙུགས་འབད་བའི་སྐབས་ འབྲུག་པའི་ཤེས་རིག་གིས་ རྒྱལ་ཁབ་ཀྱི་ མ་འོངས་དགོས་མཁོ་ལུ་ལྟ་སྟེ་ བསྒྱུར་བཅོས་འབད་ཡོདཔ་ཨིན་རུང་ ལག་ལེན་འཐབ་པའི་སྐབས་ བྱ་སྟབས་མ་བདེཝ་བྱུང་མི་ལུ་བརྟེན་ འཐུས་ཤོར་བྱུང་ནུག།
དེ་གི་ཤུལ་ལས་ མཁས་མཆོག་ལ་ལོ་ཅིག་གིས་ བསླབ་བཀོད་བྱིན་མི་དང་འཁྲིལ་ཏེ་ ཨིང་ལིཤ་གི་ ཡན་ལག་ཆོས་ཚན་ དཔེ་འབད་བ་ཅིན་ ཤེགསི་པི་ཡར་དང་ སྙན་ངག་ལ་སོགས་པ་ཚུ་ཡང་ ཆ་མེད་བཏང་པའི་ མཐའན་མཇུག་ཁར་ འཛོལ་བ་བཟོ་ཡོད་པའི་ དྲན་ཚོར་བྱུངམ་ལས་ ལོག་སྟེ་ར་ ང་བཅས་རའི་ སློབ་ཁང་ཚུ་ནང་ གཞི་བཙུགས་འབད་དགོ་པའི་ དུས་སྐབས་བྱུང་ནུག།
ཤེས་རིག་དེ་ རྒྱལ་ཁབ་ཀྱི་ སྒྲོན་མེ་བཟུམ་ཅིག་ཨིནམ་ལས་ ང་བཅས་ཀྱིས་ གུས་ཞབས་འབད་དགོཔ་ གལ་ཆེ་བའི་ཁར་ ང་བཅས་རའི་ ཤེས་རིག་ལམ་ལུགས་ཀྱི་ སྤུས་ཚད་དང་བསྟུན་ འཆར་སྣང་བསྒྱུར་བཅོས་འབད་དགོཔ་ཨིན།
མ་གཞི་ ང་བཅས་རའི་ མ་འོངས་ལམ་སྟོན་འབད་ཚུགས་པའི་ ཤེས་རིག་གི་སྲིད་བྱུས་ སྒྲིང་སྒྲི་ཅིག་ མེད་མི་ལུ་བརྟེན་ ད་ལྟོ་ ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་དང་ མི་སྟོབས་མ་ལང་པའི་དཀའ་ངལ་ཚུ་ བྱུངམ་ཨིན་མས།
ད་རེས་ རྒྱལ་ཁབ་ནང་ གདོང་ལེན་སྦོམ་ཤོས་ཅིག་ ག་ཅི་བྱུངམ་སྨོ་ཟེར་བ་ཅིན་ སློབ་དཔོན་མང་རབས་ཅིག་གིས་ དགོངས་ཞུ་འགྱོ་མི་དེ་ བཀག་ཐབས་འབད་ནི་དང་ མཐའ་ཟུར་གྱི་སློབ་གྲྭ་ཚུ་ནང་ དགོས་མཁོ་ཆེ་བའི་ གཞི་རྟེན་མཐུན་རྐྱེན་ཚུ་མེད་མི་ དེ་ལས་ སློབ་དཔོན་མ་ལང་པའི་ དཀའ་ངལ་སེལ་ཐབས་སྐོར་ལས་ སྲིད་བྱུས་གསརཔ་དེ་ནང་ ག་ནི་ཡང་ བཀོད་དེ་མེདཔ་ཨིན་མས།
གནད་དོན་དེ་ལུ་བརྟེན་ མ་འོངས་པའི་ དམིགས་གཏད་ཅན་དང་ ཕན་ནུས་ཅན་གྱི་ ཤེས་རིག་གི་སྲིད་བྱུས་ཚུ་ བརྩམ་དགོཔ་འདུག།

About admin

Check Also

འབྲུག་པཱན་ཇབ་དངུལ་ཁང་གི་ ལས་བྱེདཔ་ཅིག་ལུ་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ཕོག་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ འབྲུག་པཱན་ཇབ་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་གྱི་ ལཱ་འབད་མི་ འཕྲིན་ལས་རྒྱ་མཚོ་གིས་ ཐིམ་ཕུག་ཁྲོམ་ལུ་ཡོད་པའི་ དངུལ་ཁང་གི་ ཨེ་ཊི་ཨེམ་༩ དེ་ཅིག་ལས་ དངུལ་ཀྲམ་ས་ཡ་༡༠ ལྷགཔ་ཅིག་ ཚུལ་མིན་སྒེར་སྤྱོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ …

Leave a Reply

Your email address will not be published. Required fields are marked *