དམར་བསད་འབད་ནིའི་ དཔའ་བཅམ་མི་ ཨམ་སྲུ་ཅིག་ལུ་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ།

༉ ན་ཧིང་ སྐྱེས་ལོ་༢༦ ལང་མི་ ཨམ་སྲུ་ཅིག་ལུ་ སྐྱེས་ལོ་༣༤ ལང་མི་ ཨམ་སྲུ་གཞན་ཅིག་གིས་ དམར་བསད་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྩོད་ཟླ་ལུ་ བཙོན་ཁྲིམས་ལོ་༥ བཀལ་ནུག།

དེ་མ་ཚད་ ཉེས་འཛུགས་ཅན་ པདྨ་དབང་མོ་གིས་ ཉམས་རྒུདཔ་ཀུན་བཟང་ཆོས་སྒྲོན་ལུ་ དངུལ་ཀྲམ་༢༢,༥༠༠ རྒུད་འཐུས་སྤྲོད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ འཁྲུན་ཆོད་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ གནང་ནུག།

འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ ཉམས་་པའི་གཟུགས་ཁར་ གྱི་གསོབ་སྟེ་ རྨ་ཁག་༡༢ དེ་ཅིག་ བཏོན་མི་དེ་ དམར་བསད་འབད་ནི་ལུ་ ཆེད་དམིགས་བསྐྱེད་ཡོདཔ་ ངེས་བདེན་ཨིན་པའི་ མངོན་གསལ་བྱུང་པའི་ཁར་ ཁྲིམས་སྲུང་འགག་སྡེ་ལུ་ཕུལ་བའི་ ངག་བརྗོད་དང་ སྒྲུབ་བྱེད་ཚུ་ཡང་ ཕུལ་ཡོདཔ་མ་ཚད་ དཔང་པོ་ཚུ་གིས་ཡང་ ཁ་གསལ་སྦེ་ ཞུ་ཡོད་ཟེར་བཀོད་ནུག།

རྐྱེན་ངན་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༡༠ པའི་ཚེས་༣༡ གི་ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ པདྨ་དབང་མོ་གིས་ ཉམས་རྒུདཔ་སྡོད་སའི་ སྒར་ནང་སོང་སྟེ་ ཆབ་གསང་འབད་བར་ ཆ་རོགས་སྦེ་ ཉམས་རྒུདཔ་དེ་ ཁྱིད་སོང་ཞིནམ་ལས་ ཚལ་མ་ནང་ལྷོདཔ་ད་ ཧང་སྟོང་མར་ གྱི་ཅུང་གིས་ ག་ཐོབ་སྦེ་ གསོབ་བྱིན་ཡོདཔ་ཨིན་པས།

པདྨ་དབང་མོ་དེ་ བཀྲིས་གཡང་རྩེ་ཁམས་དྭངས་ སེར་སྤང་གཡུས་ཚན་ལས་ཨིན་རུང་ རྨགཔ་དང་གཅིག་ཁར་ ལྷུན་རྩེ་ལུ་ སྡོད་ཡོདཔ་ད་ རྐྱེན་ངན་བྱུངམ་ད་ ཁ་ཉེས་ཕོག་མི་ ཨམ་སྲུ་དེ་ ལྷུན་རྩེ་ལས་ མོང་སྒར་ལུ་ འོང་པའི་ཤུལ་ གླ་འཁོར་ནང་འཛུལ་ཏེ་ མོ་རའི་གཡུས་ཁར་ འགྱོ་བའི་སྐབས་ ཤེལ་རི་ཆུ་ལུ་ལྷོདཔ་ད་ ལམ་རྒྱ་སྐྱེད་ཀྱི་དོན་ལུ་ ལམ་བཀག་ཡོདཔ་ལས་ བསྒུགས་སྡོད་པའི་སྐབས་ ཉམས་རྒུདཔ་ཨམ་སྲུ་དེ་མཐོངམ་ལས་ ཉེས་འཛུགས་ཅན་གྱིས་ གླ་འཁོར་ནང་ལས་ ཐོན་སྡོད་ནུག་ཟེར་ཨིན་པས།

དེ་གི་ཤུལ་ལས་ ཉམས་རྒུད་པའི་ སྦ་སྒོར་ནང་ལྷོད་དེ་ དཔང་པོ་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ ཉེས་འཛུགས་ཅན་གྱིས་ ཁ་རས་སྤུར་སྡོད་པའི་ གནས་སྟངས་དང་ ཕྱི་རུ་ཆབ་གསང་འགྱོ་ནིའི་དོན་ལུ་  ཉམས་རྒུདཔ་ཆ་རོགས་སྦེ་ འགྱོ་དགོ་པའི་ ཨུ་ཚུགས་བསྐྱེད་ཡོདཔ་མ་ཚད་ ཉེས་ལས་འཐབ་པའི་སྐབས་ གྱི་ལག་ལེན་འཐབ་མི་དེ་ ལྷུན་རྩེ་ལས་ར་ འབག་འོང་ཡོད་པའི་ སྒྲུབ་བྱེད་ཐེ་ཚོམ་ལས་གྲོལ་བའི་ མངོན་རྟགས་བྱུང་ཡི་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

རྨ་བཏོན་ཁྲག་བཏོན་འབད་མི་ལུ་བརྟེན་ ཉེས་ཁྲིམས་མཐོ་ཤོས་ཕོག་དགོཔ་ཨིན་རུང་ ཉེས་འཛུགས་ཅན་གྱིས་ ཧེ་མ་ཉེས་ཁྲིམས་ཕོག་པའི་ གནས་ཐོ་མེདཔ་ལས་ མོ་ར་ འཛིན་བཟུང་འབད་བའི་ ཚེས་གྲངས་ལས་འགོ་བཙུགས་ བཙོན་ཁྲིམས་ལོ་༥ བཀལ་ནུག།

གསོ་བའི་བརྟག་དཔྱད་སྙན་ཞུ་ནང་ ཉེས་ལས་ལུ་བརྟེན་ ཉམས་རྒུདཔ་ལུ་ གནོད་འཚེ་ཚབས་ཆེན་ཕོག་ཡོདཔ་མ་ཚད་ ཚེ་སྲོག་ལུ་ གནོད་ཉེན་འབྱུང་ནིའི་ ཉེན་ཁ་ཡོད་པའི་སྐོར་ལས་ འཁོད་ཡོདཔ་ལས་ ཉམས་རྒུདཔ་གིས་ མོ་ལུ་ རྒུད་འཐུས་དངུལ་ཀྲམ་༢༢༥,༠༠༠ དགོཔ་སྦེ་ ཁྲིམས་འདུན་ལུ་ཞུ་ནུག།

ཨིན་རུང་ ཉམས་རྒུད་པའི་ལུས་རྟེན་ལུ་ གཏན་འཇགས་ ཡང་ཅིན་ འཕྲལ་སྐབས་དང་ ཡོངས་རྫོགས་ ཡང་ཅིན་ ཆ་ཤས་ལྕོགས་གྲུབ་མེདཔ་འགྱོ་ཡོད་པའི་སྐོར་ ཉམས་རྒུདཔ་གིས་ ཁྲིམས་འདུན་ལུ་ ཞུ་བ་ཕུལ་ཕུལཝ་མེདཔ་མ་ཚད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ཡང་ ཉེས་ལས་ལུ་བརྟེན་ ཉམས་རྒུདཔ་ལུ་ གྱོང་རྒུད་ཕོག་ཡོད་པའི་སྐོར་ ངག་ཐོག་དང་ ཡང་ཅིན་ ཡིག་ཐོག་ལུ་ གསལ་ཞུ་ག་ནི་ཡང་ ཕུལ་ཕུལཝ་མིན་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

དེ་འབདཝ་ལས་ འཕྲལ་སྐབས་ཀྱི་ གྱོང་རྒུད་ཕོག་ཡོད་པའི་གྱོང་རྒུད་ ཟླ་ངོ་༦ གི་ རྒྱལ་ཡོངས་ལས་མིའི་གླ་ཆ་ དངུལ་ཀྲམ་༢༢,༥༠༠ འཁྲུན་ཆོད་གནང་བའི་ཉིནམ་ལས་ ཟླཝ་༣ གྱི་ནང་འཁོད་ རྩོད་དཔོན་ཡོངས་ཁྱབ་ངོ་ཚབ་ཀྱིས་ འགོ་འདྲེན་ཐོག་ལས་ ཉམས་རྒུད་པ་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།

ཉེས་འཛུགས་ཅན་གྱིས་ ཉམས་རྒུདཔ་ཨམ་སྲུ་ དམར་བསད་འབད་ནིའི་ དཔའ་བཅམ་མི་དེ་ ཉམས་རྒུདཔ་ཨམ་སྲུ་དང་ རྨགཔ་ཁ་བྱལ་འགྱོ་བའི་སྐབས་ རྨགཔ་གིས་ ཨ་ལོ་གསོ་འཐུས་སྤྲོད་ནིའི་དོན་ལུ་ ཉེས་འཛུགས་ཅན་ལས་ དངུལ་ཀྲམ་༣༠,༠༠༠ བསྐྱི་འབག་མི་འདི་ ལོག་སྤྲོད་མ་བཏུབ་ལས་ ཉམས་རྒུདཔ་བསད་ནིའི་ མནོ་བསམ་བཏང་ནུག་ཟེར་ཨིན་པས།

ཉམས་རྒུདཔ་ཀུན་བཟང་ཆོས་སྒྲོན་གྱིས་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགསཔ་ལས་ མཐོ་གཏུགས་ཞུ་ནི་ཟེར་ སླབ་མི་དེ་ཡང་ ཉེས་འཛུགས་ཅན་ ཨམ་སྲུ་གིས་ མོ་ དམར་བསད་འབད་ནིའི་དོན་ལུ་ རྨ་ བཏོན་ཁྲག་བཏོན་འབད་དེ་ དབང་པོ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ སེམས་ཁམས་ལུ་ སྡུག་བསྔལ་ཚད་མེད་ བྱུང་བཅུག་པའི་ཁར་ བདུན་རིམ་བཞིན་དུ་ སྨན་བཅོས་འབད་བར་ འགྱོ་དགོཔ་ཐོན་ཡོདཔ་ལས་ རྒུད་འཐུས་གནང་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *