དམའ་ཕབ་དང་ སྐྱོན་བརྗོད་ཚུ་འབད་རུང་ སྣང་མེད་བཞག་པའི་མངོན་གསལ།

༉ སྲིད་དོན་ཚོགས་པའི་ ལཱ་འབད་མི་དང་ རྒྱབ་སྐྱོར་པ་ཚུ་གིས་ དམའ་ཕབ་དང་སྐྱོན་བརྗོད་ དེ་ལས་ བརྡབ་གསིག་རྐྱབ་ནི་ཚུ་ གང་མང་འབད་དོ་ཡོདཔ་ཨིན་རུང་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ངོས་ལེན་མེད་པར་ སྣང་མེད་བཞག་པའི་ མངོན་གསལ་བྱུངམ་ཨིན་མས།
འཕྲལ་ཁམས་ཀྱི་ གནད་དོན་ཅིག་ནང་ འབྲུག་ཕུན་སུམ་ཚོགས་པའི་ ལཱ་འབད་མི་ཚུ་གིས་ བཀྲིས་སྒང་ལུ་ འཚོགས་ནི་ཨིན་མི་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་གྱི་ཞལ་འཛོམས་དེ་ ཆ་མེད་བཏང་ཡི་ཟེར་ མི་སེར་ཚུ་ལུ་ བརྡ་དོན་ཕྱི་འགྱུར་སྦེ་ སླབ་ཡོད་མི་དེ་ བཙག་འཐུའི་ཀུན་སྤྱོད་རྣམ་གཞག་དང་འཁྲིལཝ་ད་ ཚོགས་པའི་གཙོ་འཛིན་དང་ འདེམས་ངོ་ཚུ་གི་ བསམ་བཀོད་བརྗེ་སོར་དང་ གསལ་བཤད་ཚུ་ ཉན་ནི་གི་ གོ་སྐབས་མ་བྱིན་མི་དེ་ འགལ་བ་ཨིན་ཟེར་ཨིན་མས།
དེ་བཟུམ་སྦེ་ མི་སྡེ་བརྡ་བརྒྱུད་ནང་ འབྲུག་མཉམ་རུབ་ཚོགས་པ་ལུ་ དམའ་ཕབ་དང་ སྐྱོན་བརྗོད་ཚུ་འབད་ནིའི་དོན་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ན་གཞོན་ཚུ་ གླ་ཁར་ལེན་ནུག་ཟེར་བའི་ ཉེས་འཛུགས་འབད་མི་དེ་ཡང་ བདེན་པ་མེདཔ་ཨིན་པས།
བཙག་འཐུའི་ཁྲིམས་ལུགས་ནང་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་ག་ར་འབད་རུང་ ཁོང་རའི་ རྒྱབ་སྐྱོར་པ་དང་ ལཱ་འབད་མི་ཚུ་གིས་ ཁྲིམས་འགལ་དང་ ངན་ལྷད་ཀྱི་བྱ་ངན་ཚུ་ནང་ འབྲེལ་གཏོགས་འབད་ནི་ལས་ འཛེམ་དགོཔ་སྦེ་ཡོདཔ་མ་ཚད་ མི་སྡེ་བརྡ་བརྒྱུད་ཚུ་ནང་ སྐྱོན་བརྗོད་དང་ དམའ་ཕབ་ཚུ་ ཚབས་ཆེན་འཐོན་པ་ཅིན་ སྲིད་ཚོགས་ཚུ་གིས་ ཁོང་རའི་ རྒྱབ་སྐྱོར་པ་ཚུ་ལུ་ བསླབ་བཀོད་བྱིན་ཞིནམ་ལས་ ངེས་པར་དུ་ བཀག་ཐབས་འབད་དགོཔ་ཨིན།
གོང་གི་གནད་དོན་གཉིསཔོ་དེ་ བཙག་འཐུའི་འགོ་དཔོན་ཚུ་ལུ་ ངག་ཐོག་སྙན་ཞུ་འབད་ཡོད་རུང་ གཞུང་འབྲེལ་ཐོག་ལས་ ཉོགས་བཤད་ཐོ་བཀོད་མ་འབདཝ་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཚོགས་པའི་འདེམས་ངོ་ཚུ་ག་ར་ སྐུལ་བསྒྲགས་ཤུགས་ལང་པའི་སྐབས་ གཞུང་འབྲེལ་ཐོག་ལས་ ཉོགས་བཤད་བཀོད་ནི་དང་ ཞིབ་དཔྱད་འབད་ནིའི་ དུས་ཚོད་མེད་ནི་དེ་གིས་ཨིན་མས།
གནད་དོན་གཅིག་གི་ཐད་ཁར་ལྷོདཔ་ད་ ཚོགས་པ་ལུ་ ཐོ་ཕོག་སྟེ་ཡོད་རུང་ ཁ་ཉེས་བཀལ་མི་ཚུ་ སྐུལ་བསྒྲགས་ཀྱི་སྐབས་ལུ་ ཁོང་རང་གིས་ར་ མི་མང་ལུ་ དོགས་སེལ་འབདཝ་ཨིན་མས།
དུས་ཚོད་འ་ནེམ་ཅིག་ཁར་ སྤྱིར་བཏང་མི་ཚུ་གིས་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱིས་ རྩོད་རྙོགས་ཚུ་ སེལ་ཐབས་འབད་ཚུགས་པའི་ རེ་བ་བསྐྱེད་མི་དེ་ཡང་ བཙག་འཐུའི་བྱ་རིམ་ཚུ་ དྭངས་གསལ་ཅན་དང་ རང་མོས་རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ཨིན་མས།
ལྷན་ཚོགས་ཀྱིས་ དྲན་གསོ་འབད་མིའི་ནང་ སྲིད་ཚོགས་ཚུ་གིས་ སྐུལ་བསྒྲགས་འབད་བའི་སྐབས་ ཁས་བླངས་གསལ་བསྒྲགས་ནང་ མ་ཚུད་པའི་ཁས་བླངས་ཚུ་ འབད་མི་ཆོག་ཟེར་ཨིནམ་ད་ ཨིན་རུང་དེ་ལུ་ ནན་ཞིབ་དམ་སྒྲིང་སྦེ་ མི་འབད་དོ་ཡོདཔ་ལས་ སྲིད་འབྲེལ་ཉོགས་བཤད་ཚུ་ ཐོན་བཞིན་དུ་སྡོདཔ་ཨིན་མས།
ཉིན་བསྟར་བཞིན་དུ་ རྫུན་ཁ་དང་ ཁ་ཉེས་བཀལ་མི་ཚུ་ གང་མང་ཐོན་མི་དང་བསྟུན་ སྲིད་ཚོགས་ནང་འཁོད་ལུ་ དོ་འགྲན་དམ་དམ་བྱུང་རུང་ ང་བཅས་ར་ དྭངས་གསལ་ཐོག་ལས་ བཙག་འཐུ་འབད་ནི་ལུ་ར་ དམིགས་གཏད་བསྐྱེད་དགོཔ་ཨིན།
དུས་ཚོད་གསརཔ་དང་བསྟུན་ རྩོད་རྙོགས་ཅན་གྱི་ གནད་དོན་གསརཔ་ལེ་ཤ་ཐོན་མི་དེ་གིས་ བཙག་འཐུ་དང་འབྲེལ་བའི་ཤེས་ཡོན་དང་ ཉམས་མྱོང་ དེ་ལས་ གོ་རྟོགས་བྱུང་བའི་ཁར་ ད་རེས་ འབྲུག་མི་ཆ་མཉམ་གྱིས་ སེམས་ཁར་ངེས་དགོ་པའི་ གནད་དོན་གལ་ཆེ་ཤོས་ཅིག་ ག་ཅི་སྨོ་ཟེར་བ་ཅིན་ སྤྱིར་བཏང་བཙག་འཐུ་ མཐར་འཁྱོར་ཅན་སྦེ་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ མཉམ་འབྲེལ་དང་ གཅིག་སྒྲིལ་གང་དྲག་འབད་དགོཔ་ཨིན།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *