མོང་སྒར་རྒེད་འོག་གི་ ས་གནས་གཞུང་གི་འགོ་དཔོན་ཚུ།

དམངས་མི་ཚུ་ལུ་ ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་དགོཔ་གལ་ཆེཝ།

༉ མི་སྡེ་ཕུན་སུམ་ཚོགས་ནི་དང་ གཞུང་སྐུ་གྱོང་ཚད་འཛིན་འབད་ཐབས་ དེ་ལས་ མི་སེར་བདེ་སྐྱིད་བྱུང་ཐབས་ལུ་ རྩོད་རྙོགས་བསལ་ནིའི་འགན་འཁྲི་དེ་ ས་གནས་གཞུང་གི་ དམངས་མི་ཚུ་གིས་ འབག་དགོཔ་ཐོན་ཡོདཔ་ལས་ ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་དགོཔ་གལ་ཆེཝ་ཨིན་མས།

ན་རང་རྒེད་འོག་གི་དམངས་མི་ ཀུན་བཟང་ཚེ་རིང་གིས་ སླབ་མིའི་ནང་ ས་གནས་གཞུང་༢ པ་འགོ་བཙུགས་ཏེ་ ལོ་༢ ལང་དོ་ཡོདཔ་ལས་ འབྲེལ་ཡོད་ལས་ཁུངས་དང་ ལྷན་ཚོགས་ཚུ་གིས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ ལྕོགས་གྲུབ་དང་ལྡན་པའི་སྒོ་ལས་ གཞུང་དང་ མི་སེར་ལུ་ ཞབས་ཏོག་གང་དྲག་ཞུ་ཐབས་ལུ་ སྦྱོང་བརྡར་གནང་དགོཔ་གལ་ཅན་ཅིག་སྦེ་ མཐོང་ཡི་ཟེར་ཨིན་པས།

འདས་པའི་ས་གནས་གཞུང་གི་ དམངས་མི་དང་ ལྷག་པར་དུ་ སྤྱི་འོག་གི་ ཚོགས་པ་ཚུ་ལུ་ཡང་ ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་ཚུ་ བདུན་ཕྲག་ལས་བཅད་དེ་ གནང་མི་ལུ་བརྟེན་ མི་སེར་ཚུ་གི་བར་ན་ དཀའ་ངལ་ག་ཅི་ར་ཐོན་རུང་ ཁྲིམས་འདུན་ཚུ་ནང་ མཐོ་གཏུགས་ཞུ་མ་དགོ་པར་ ཁེ་ཕན་བྱུང་སྡོད་ནུག་ཟེར་ཨིན་པས།

བཱ་ལམ་རྒེད་འོག་གི་ དམངས་མི་ བདེ་ཆེན་དབང་འདུས་ཀྱིས་ འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་དང་ ས་གནས་གཞུང་ ལས་ཁུངས་ དེ་ལས་ རྫོང་ཁག་ཚུ་གིས་ སྦྱོང་བརྡར་བྱིན་ནི་མེད་མི་ལུ་བརྟེན་ འབྲེལ་ཡོད་གཞུང་དང་ མི་སེར་གྱི་བར་ན་ ཞབས་ཏོག་ཞུཝ་ད་ བྱ་སྟབས་མ་བདེཝ་ཐོནམ་མས་ཟེར་ཨིན་པས།

ལྷག་པར་དུ་ རྒེད་འོག་ནང་ མི་སེར་ཚུ་གི་བར་ན་ དཀའ་ངལ་ཚུ་ཡང་ གཉེན་དང་གྲོགས་ཀྱི་བར་ནའི་ རྩོད་རྙོགས་དང་ ས་ཆའི་རྩོད་གཞི་ འཐབ་རྫིང་ འཕྲོག་བཅོམ་ལ་སོགས་པའི་ རྩོད་རྙོགས་ཚུ་ དང་པ་ར་ རྒེད་འོག་ཡིག་ཚང་ནང་ལྷོདཔ་ད་ དཀའ་ངལ་བསལ་ནིའི་འགན་ཁུར་དེ་ དམངས་མི་ལུ་ཕོག་ཡོདཔ་ལས་ གདོང་ལེན་སྦོམ་བྱུངམ་མས་ཟེར་ཨིན་པས།

ཁོང་ལུ་ ཧེ་མ་ལས་ ཁྲིམས་ལུགས་ཀྱི་སྐོར་ སྦྱོང་བརྡར་དང་ ལྷབ་སྦྱང་འབད་བའི་ ཉམས་མྱོང་དང་ ཤེས་ཡོན་མེད་རུང་ བཙག་འཐུ་གྲུབ་པའི་ མི་ངོ་ཅིག་འབདཝ་ལས་ ཐབས་ཤེས་སྣ་ཚོགས་བཏོན་ཐོག་ལས་ ཉེན་ཁ་འབག་སྟེ་ རྩོད་རྙོགས་སེལ་དོ་ ཟེར་ཨིན་པས།

ཁོ་གིས་ སྤྱི་ལོ་༢༠༡༨ ཀྱི་ ཟླ་དང་པ་ལས་འགོ་བཙུགས་ ཟླ་༡༠ པ་ཚུན་ གཉེན་གྱི་རྩོད་རྙོགས་༡༨ དང་ སའི་རྩོད་རྙོགས་༢༠ དེ་ལས་ འཕྲོག་བཅོམ་དང་ འཐབ་རྫིང་གི་རྩོད་རྙོགས་༡༠ དེ་ཅིག་ ནང་ཁ་ནང་འགྲིགས་འབད་ནུག་ཟེར་ཨིན་པས།

ན་རང་དམངས་མི་ ཀུན་བཟང་ཚེ་རིང་གིས་ སླབ་མིའི་ནང་ བདུན་ཕྲག་རེའི་ནང་ རྩོད་རྙོགས་༧ དང་༨ ཀྱི་བར་ན་ སེལ་དགོ་པའི་ཁར་ གཡུས་ཚན་ཚུ་ནང་སོང་སྟེ་ ས་མཚམས་ཚུ་ཡང་ བར་འཛུལ་འབད་དེ་ ལག་ལེན་འཐབ་དགོཔ་ཐོནམ་ད་ སྦྱོང་བརྡར་ལ་སོགས་པའི་ ཤེས་བྱ་མེདཔ་ལས་ ཁྲིམས་ལུགས་ལྟར་དུ་ ག་དེ་སྦེ་སོང་ཡི་ག་ ཐེ་ཚོམ་ཆགསཔ་མས་ཟེར་ཨིན་པས།

རྫོང་ཁག་ཚོགས་འདུའི་སྐབས་ སྦྱོང་བརྡར་དགོཔ་ཁག་ཆེ་བའི་སྐོར་ ཚོགས་འདུའི་དྲུང་ཆེན་ཚུ་ལུ་ སྙན་ཞུ་འབད་དེ་ ལོ་ལང་རུང་ ལན་གསལ་ག་ནི་ཡང་ མ་ཐོབ་པར་ཡོད་ཟེར་ཨིན་པས།

མོང་སྒར་རྒཔོ་ བསྟན་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ ས་གནས་གཞུང་དང་པའི་སྐབས་ ཁོ་ར་དམངས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ལས་ ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་ཚུ་ ཁྲིམས་འདུན་འགོ་དཔོན་ཚུ་གིས་ གནང་མི་ལུ་བརྟེན་ ནང་ཁ་ནང་འགྲིག་གི་རིགས་ཚུ་ མང་ཤོས་ར་ དམངས་མི་གིས་ འབད་དགོཔ་ཐོན་མི་ཚུ་ ཐེ་ཚོམ་ག་ནི་ཡང་མེད་པར་ ཕྱག་ཞུ་ཚུགས་ཅི་ཟེར་ཨིན་པས།

ཨིན་རུང་ ས་གནས་གཞུང་༢ པའི་ དམངས་མི་ཚུ་ལུ་ ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་ཐོབ་མ་ཚུགསཔ་ལས་ རྒཔོ་ཁོ་ར་ རྒེད་འོག་གི་ འཆར་གཞི་གོང་འཕེལ་གྱི་ ལས་སྣ་དང་ ལས་རིམ་ཚུ་ནང་ འབད་རྩོལ་བསྐྱེད་དགོ་པའི་ཁར་ འཕྲལ་འཕྲལ་ར་ ཞིབ་དཔྱད་འབད་བར་ ས་གནས་ཁག་ཚུ་ནང་ འགྱོ་དགོཔ་ཐོན་དོ་ཡོདཔ་ལས་ འདི་བཟུམ་གྱི་ དཀའ་རྙོགས་བསལ་ནི་དེ་ དམངས་མི་ཚུ་ལུ་ཕོག་སྟེ་ཡོདཔ་ལས་ དཀའ་ངལ་ཡོདཔ་ངེས་བདེན་ཨིན་ཟེར་ཨིན་པས།

ས་གནས་གཞུང་གི་ བཅའ་ཁྲིམས་༢༠༡༢ ཅན་མ་དང་འཁྲིལ་ རྒེད་འོག་ནང་ སྒྲིག་ཁྲིམས་ཚོགས་ཆུང་དང་ ནང་ཁ་ནང་འགྲིག་ཚོགས་ཆུང་ཟེར་ གཞི་བཙུགས་འབད་དགོཔ་བཞིན་དུ་ རྒཔོ་གིས་གཙོས་པའི་ དམངས་མི་དང་ ཚོགས་པ་ཚུ་ བགོ་བཀྲམ་འབད་ཐོག་ལས་ ཚོགས་ཆུང་༣ རེ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

ན་རང་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *