དམངས་བསྡོམས་ལུས་འབྲེལ་འབད་མི་ རྒྱ་གར་གྱི་མི་ཁུངས་༤ དོ་ དམ་འོག་ལུ་ཡོདཔ།

༉ རྒྱ་གར་གྱི་ མི་ཁུངས་ཨིན་མི་ ཕོ་སྐྱེས་༤ གིས་ ཐིམ་ཕུག་གསར་སྦིས་ཐང་ལུ་ སྐྱེས་ལོ་༤༢ ལང་མི་ ཨམ་སྲུ་ཅིག་ལུ་ དམངས་བསྡོམས་ལུས་འབྲེལ་འབད་ཡོད་པའི་ དོགས་པ་ཐོག་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡ གི་ ནུབ་མོའི་ཆུ་ཚོད་ཕྱེད་དང་༨ དེ་ཅིག་ཁར་ གསར་སྦིས་ཐང་ལུ་སྦེ་ བྱུང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་མི་དང་འཁྲིལཝ་ད་ དེ་ཚེ་ ཕྱི་རུ་ཁམས་ཅིག་ཁར་ ཉམས་རྒུདཔ་ཨམ་སྲུ་དང་ མོ་རའི་ ཨ་རོགས་དགའ་རོགས་གཉིས་ གསར་སྦིས་ཐང་གི་ ཚལ་མ་ཅིག་ནང་ ལུས་འབྲེལ་འབད་དེ་ སྡོད་པའི་སྐབས་ བཟོ་སྐྲུན་གྱི་ ལཱ་འབད་མི་ཚུ་ ས་གནས་ནང་ བལྟ་བར་འོང་ནུག་ཟེར་ཨིན་པས།
བཟོ་སྐྲུན་གྱི་ ལཱ་འབད་མི་༤ གིས་ ས་གནས་ནང་འོང་ཞིནམ་ལས་ ཁོང་༢ ཀྱིས་ ཨམ་སྲུ་དེ་བཟུང་ མི་༢ ཀྱིས་ ཕོ་སྐྱེས་དེ་བཟུང་ཞིནམ་ལས་ ཕོ་སྐྱེས་དེ་ལུ་ བརྡུང་རྫོབ་འབད་ཡོདཔ་ད་ དེ་ཅིག་གི་བར་ན་ ཕོ་སྐྱེས་དེ་གིས་ ས་ཁོངས་ནང་ལས་ བྱོག་ཐལ་ཡོདཔ་ད་ ཉམས་རྒུདཔ་དེ་གིས་འབད་བ་ཅིན་ ལས་མི་ཚུ་གིས་ མོ་ལུ་ དམངས་བསྡོམས་ཐོག་ལས་ ལུས་འབྲེལ་འབད་ཡི་ཟེར་ཨིན་པས།
ཨིན་རུང་ ལས་མི་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ ཁོང་གིས་ ཨམ་སྲུ་དེ་དང་ ཕོ་སྐྱེས་གཉིས་ ས་གནས་དེ་ནང་ ལུས་འབྲེལ་འབད་སར་མཐོང་སྟེ་ འོང་འོངམ་མེན་པར་ ལཱ་འབད་ཚར་བའི་ཤུལ་ལུ་ དེ་སྦེ་ར་ བཤལ་འགྱོ་བའི་ལམ་ཁར་ ཁོང་གཉིས་མཐོང་སྟེ་ བལྟ་བར་འགྱོ་འགྱོཝ་ཨིན་ཟེར་ཨིན་པས།
ཨིན་རུང་ ཁོང་ལས་མི་༤ གི་གྲས་ལས་ ཁོང་༣ གྱིས་ འདོད་སྤྱོད་འབད་ཡོདཔ་སྦེ་ ཁག་བཟེད་ཡོདཔ་ཨིན་རུང་ གཅིག་གིས་ ཨམ་སྲུ་དེ་ལུ་ དཀྲོགས་ཡོདཔ་མ་གཏོགས་ འདོད་སྤྱོད་མ་འབད་ཟེར་ སླབ་ཡོདཔ་ཨིན་པས།
བྱ་ངན་གྱི་ སྙན་ཞུ་ལྷོདཔ་ཅིག་ ཁྲིམས་སྲུང་འགག་པ་གིས་ ས་གནས་ནང་ བལྟ་བར་འགྱོ་བའི་བསྒང་ལས་ དོགས་པ་ཅན་ཚུ་ ས་གནས་ནང་ལས་ བྲོས་ཟུར་འབད་ཡོདཔ་ཨིན་རུང་ དོགས་ཅན་གཅིག་གི་ ཀྲེབ་ཀྲེམ་ཡ་གཅིག་ ས་གནས་ནང་ ལུས་སོཔ་ལས་ ཁྲིམས་སྲུང་འགག་པ་གིས་ དེ་འཐུ་འབག་སྟེ་ ཉེ་འདབས་ཀྱི་ བཟོ་སྐྲུན་ས་ཁོངས་ནང་ བལྟ་བར་འགྱོ་བའི་བསྒང་ གཞན་མི་ཡ་གཅིགཔོ་དེ་ཡང་ མཐོང་ཡོདཔ་ཨིན་པས།
ས་གནས་དེ་ནང་ལས་ དེ་ཚེ་ཕྱི་རུ་ར་ དོགས་ཅན་ཕོ་སྐྱེས་༤ པོ་ཆ་ར་ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
རྒྱ་གར་གྱི་ལས་མི་ཚུ་ སྐྱེས་ལོ་༢༡ དང་༢༧, ༢༨ དེ་ལས་༢༠ ལང་ཡོདཔ་བཞིན་དུ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *