དམངས་དངུལ་ལྐོག་ཟ་དང་ དབང་ཚད་ལོག་སྤྱོད་ཚུ་ སྔོན་འགོག་འབད་མ་ཚུགས་པར་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༡༧ ལོའི་ སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ངན་ལྷད་སྔོན་འགོག་འབད་ནི་ལུ་ རྩ་འགེངས་ཏེ་ཡོད་མིའི་གུ་ ད་རུང་ འབད་དགོཔ་ལེ་ཤ་འདུག་ཟེར་བཀོད་ནུག།
ངན་ལྷད་ཚུ་གི་གྲས་ལས་ དམངས་དངུལ་ལྐོག་ཟ་འབད་ནི་དང་ དབང་ཚད་ལོག་སྤྱོད་འབད་ནི་ཚུ་ འཕྲོ་མཐུད་དེ་ར་ བྱུང་དོ་ཡོདཔ་ལས་ དེ་གིས་ ངན་ལྷད་སྔོན་འགོག་གི་ ཐབས་ལམ་ཅིག་སྦེ་ དྭངས་གསལ་དང་ འགན་འཁྲིའི་ཐབས་རིག་ཚུ་ གཞི་གཙུགས་འབད་དགོཔ་དང་ ཀུན་སྤྱོད་རྣམ་གཞག་ཚུ་ སྒྲིང་སྒྲི་བསྟར་སྤྱོད་འབད་དགོཔ་འདུག་ཟེར་ ལོ་བསྟར་སྙན་ཞུ་ནང་ བཀོད་དེ་འདུག།
མི་མང་ཡིག་ཚང་འཆང་མི་ཚུ་གི་ དྲང་སྤྱོད་ཡར་དྲག་དང་ རྒྱ་སྐྱེད་གཏང་དགོཔ་ ཡོདཔ་མ་ཚད་ མི་སེར་ཚུ་གིས་ ངན་ལྷད་ལས་འཛེམ་ནི་དང་ རོགས་ཀྱིས་འབད་སར་མཐོང་རུང་ འདི་ལུ་ ངོས་ལེན་མ་འབད་བར་ སྙན་ཞུ་འབད་ནི་ལུ་ སེམས་ཐག་བཅད་དེ་ ངན་ལྷད་གདོང་རྒོལ་འབད་ནི་ལུ་ མི་མང་ཤེས་ཡོན་དེ་ མཁོ་གལ་ཆེཝ་ལས་ རྩ་བརྟན་བཟོ་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ ངན་ལྷད་ཅན་གྱི་ འགོ་དཔོན་ཚུ་ལུ་ མི་མང་གི་ ཁ་ཐུག་ལས་ བཟོད་བསྲན་མེན་པར་ ཧེང་སྐལ་ར་ དྲག་པོའི་སྒོ་ལས་ ངོས་ལེན་འབད་དགོཔ་འདུག་ཟེར་བཀོད་ནུག།
རྒྱལ་ཁབ་ནང་ ངན་ལྷད་སྔོན་འགོག་དང་ འཇོམ་ཐབས་ལུ་ ཉེ་བར་མཁོ་བའི་ ཐབས་ཤེས་བཏོན་ནིའི་ནང་ ལྷན་ཚོགས་ལུ་ དཀའ་ངལ་སྦོམ་བྱུང་ཡོདཔ་མ་ཚད་ མི་སྟོབས་ཀྱི་ དཀའ་ངལ་ཐོན་བཞིན་དུ་ཡོདཔ་ལས་ མ་དངུལ་མ་ལང་པའི་ གདོང་ལེན་ཡང་ བྱུང་སྟེ་ཡོདཔ་ཨིན་པས།
ངན་ལྷད་གདོང་ལེན་འབད་ནི་ལུ་ སྲིད་དོན་གྱི་ ཁས་བླངས་དེ་ སྙན་པའི་ཚིག་ཙམ་ཅིག་མེན་པར་ འཕྲོ་མཐུད་དེ་ར་ ལག་ལེན་དངོས་བསྟར་འཐབ་དགོཔ་འདུག་ཟེར་ སྙན་ཞུ་ནང་ བཀོད་པའི་ཁར་ འཆར་གཞི་༡༢ པ་དེ་ རྩིས་ལོ་༢༠༡༨-༡༩ ལས་ འགོ་བཙུགས་ནི་ཨིནམ་ལས་ ང་བཅས་ཀྱིས་ ལས་རིམ་བསྟར་སྤྱོད་འབད་བའི་ ནམ་དུས་ལུ་ ངན་ལྷད་ཀྱིས་ ཐོ་རྐྱབ་སྲིད་ནི་དང་ སྤྱི་ཚོགས་༣ པའི་ བཙག་འཐུ་དེ་ཡང་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ངན་ལྷད་ལས་ བསྲུང་དགོ་པའི་ རྒྱུ་མཚན་ཐེབས་སྦེ་ར་ ཐོན་ཏེ་ཡོད་ཟེར་བཀོད་ནུག།
ངན་ལྷད་ལུ་ གདོང་ལེན་འབད་ནི་དེ་ བཙག་འཐུའི་སྐུལ་བསྒྲགས་ཀྱི་སྙན་ཚིག་ ཡང་ཅིན་ ཁ་སྟོང་གི་ མཆོད་པ་ཅིག་མེན་པར་ དེ་ལས་ལྷག་པའི་ སྲིད་དོན་གྱི་ ཁས་བླངས་དང་ རྒྱབ་སྐྱོར་དངོས་སུ་སྦེ་ གནང་དགོཔ་དེ་ཁག་ཆེ་ཟེར་ བདུན་ཕྲག་འདི་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ གསུང་གྲོས་ཀྱི་དོན་ལས་ བགོ་བཀྲམ་འབད་མི་ ལོ་བསྟར་སྙན་ཞུ་ནང་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *