༉ ད་རེས་ནངས་པར་ སྤྱིར་བཏང་བཙག་འཐུའི་དོན་ལུ་ སྲིད་དོན་ཚོགས་པ་༢ ཀྱི་ འདེམས་ངོ་༩༤ གིས་ ཚོགས་རྒྱན་སྐྱུར་མི་ཚུ་གི་ སེམས་ལྷུ་ནིའི་དོན་ལས་ སྐུལ་བསྒྲགས་ཤུགས་ལང་པའི་བསྒང་ཡོད་མི་དེ་ཡང་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་ བཙག་འཐུ་འབད་ནི་གི་ དུས་ཡུན་བདུན་ཕྲག་༣ མ་གཏོགས་ མེད་ནི་དེ་གིས་ཨིན།
དེ་གི་ནང་ལས་ རྫོང་ཁག་གི་ ས་གནས་ཐདམ་ཐད་ཁ་ལས་ཕར་ མི་མང་རྩོད་འགྲན་འབད་བའི་བསྒང་ཡོདཔ་ལས་ འདེམས་ངོ་ཚུ་གིས་ ཁས་བླངས་འདྲ་མིན་སྣ་ཚོགས་འབདཝ་མ་ཚད་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་འབད་བའི་ མངོན་གསལ་ཡང་བྱུངམ་མས།
ད་རུང་ མི་སྡེ་བརྡ་བརྒྱུད་ནང་ཡང་ སྲིད་ཚོགས་གཉིས་ཆ་ར་ལུ་ རྒྱབ་སྐྱོར་དང་ རྒྱབ་འགལ་ དེ་ལས་ བརྙས་བཅོས་ཚུ་ འབད་མི་དེ་ དམངས་གཙོའི་རིང་ལུགས་ནང་ འབྱུང་སྲིད་པའི་ གནད་དོན་ཅིག་ཨིནམ་མ་ཚད་ འདི་བཟུམ་མའི་ ཕན་རླབས་ཆེ་བའི་ གྲོས་བསྡུར་འབད་དགོཔ་འདི་གལ་ཆེ།
ཨིན་རུང་ སྲིད་ལུ་བརྟེན་ ང་བཅས་རའི་ མི་སྡེའི་ནང་འཁོད་ལུ་ འཁོན་འཛིན་དང་ དབྱེ་ཁག་བཟོ་ནི་མི་འོང་།
རྒྱལ་ཁབ་འདི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབདཝ་དང་འབྲེལ་ ང་བཅས་ཀྱིས་ སེམས་ཁར་ག་ཅི་བཞག་དགོཔ་སྨོ་ཟེར་བ་ཅིན བཙག་འཐུའི་བྱ་རིམ་དེ་ མི་ངོམ་ཚུ་ ཡོངས་གྲགས་ཅན་ བཟོ་ནི་མེན་པར་ གཞུང་སྐྱོང་ལམ་ལུགས་དང་ དམངས་གཙོའི་གཞི་འགྱམ་ སྒྲིང་སྒྲི་བཟོ་ཐབས་ལུ་ཨིན།
འདི་འབདཝ་ལས་ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ འགོ་ཐོག་བཙག་འཐུ་སྐབས་ མཐར་འཁྱོལ་མ་བྱུང་མི་ སྲིད་ཚོགས་ཚུ་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སྤྱིར་བཏང་བཙག་འཐུའི་ བྱ་རིམ་ནང་ བཅའ་མར་གཏོགས་དགོཔ་ ཁག་ཆེ་མི་དེ་ཡང་ བཙག་འཐུ་དེ་ སྲིད་ཚོགས་ལུ་མེན་པར་ མི་སེར་གྱིས་ ཐོབ་དབང་སྤྱོད་དེ་ གདམ་ཁ་རྐྱབ་མི་དེ་གིས་ ཁྱད་པར་སྦོམ་ བཟོ་ཚུགསཔ་ཨིན།
མི་ཚུ་གིས་ ཚོགས་རྒྱན་ག་ལུ་ བཙུགས་ནི་ཨིན་ན་ རང་གི་ལག་པར་ཡོད་མི་དེ་ཡང་ ལ་ལོ་གིས་ འདེམས་ངོ་དེ་ རང་གི་ཉེ་སྤུན་ཕོག་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་དོ་ཡོདཔ་ད་ གཞན་ལེ་ཤ་ཅིག་གིས་ སྲིད་དོན་ཚོགས་པའི་ གཙོ་འཛིན་དང་ ཁས་བླངས་ཚུ་ལུ་བལྟ་སྟེ་ བཙུགསཔ་ཨིན་མས།
དེ་བཟུམ་ཚོགས་རྒྱན་བཙུགས་ནི་ཚུ་ གལ་ཆེ་ནི་ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ མི་སེར་གྱི་ ངོ་ཚབ་སྦེ་ སྤྱི་ཚོགས་ནང་ གྲལ་གཏོགས་འབད་དེ་ ཁོང་རའི་གཙོ་རིམ་ཚུ་ གསལ་ཞུ་འབད་ཚུགས་མི་དང་ ཕན་རླབས་ཆེ་བའི་གསུང་གྲོས་གནང་སྟེ་ བརྡ་དོན་ཅན་གྱི་ གྲོས་ཐག་བཅད་ཚུགས་མི་ ལྕོགས་གྲུབ་ཅན་དང་ ང་ཡེང་ཡེ་ཡོད་མི་ འདེམས་ངོ་གདམ་འཐུ་འབད་ནི་གི་ འགན་ཁུར་ཡོདཔ་ཨིན།
མི་མང་རྩོད་འགྲན་ཚུ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ འདེམས་ངོ་ཚུ་གི་ ལྕོགས་གྲུབ་དང་ ཁྱད་ཆོས་ གཤིས་སྤྱོད་ཚུ་གི་སྐོར་ལས་ ཤེས་རྟོགས་འབྱུང་ནི་དང་ དབྱེ་དཔྱད་འབད་ནི་གི་ གོ་སྐབས་བྱིན་མི་དེ་ཡང་ ང་བཅས་ལུ་ ཕན་ཁྱད་ཅན་གྱི་ གྲོས་ཐག་བཅད་དེ་ འོས་ལྡན་གྱི་ འདེམས་ངོ་ལུ་ ཚོགས་རྒྱན་བཙུགས་ནི་ལུ་ ལྷན་ཐབས་བྱུངམ་ཨིན་མས།
འདི་འབདཝ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ ཁ་སྐམ་གྱི་ ཁས་བླངས་དང་ ཚོགས་རྒྱན་སྐྱུར་མི་ཚུ་གི་ སེམས་ལྷུ་ཐབས་ལུ་ སྐུལ་བསྒྲགས་ག་ཅི་བཟུམ་ར་འབད་རུང་ ཚོགས་རྒྱན་བཙུགས་མི་ཚུ་གི་ ཁ་ཐུག་ལས་ ན་འཐན་བརྟག་ཤིང་དཔྱད་དེ་ རང་སོའི་ཐོབ་དབང་ཚུ་ ཆུད་ཟད་མ་འགྱོཝ་སྦེ་སྤྱོད་དགོ།
ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་གི་ཧེ་མར་ གཞི་བཙུགས་འབད་མི་ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲི་དང་ བཙག་འཐུའི་བྱ་རིམ་ཚུ་ མཐར་འཁྱོལ་འབྱུང་ནིའི་དོན་ལུ་ མི་མང་གིས་ བཙག་འཐུའི་ནང་ བཅའ་མར་གཏོགས་དགོ།
Check Also
འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།
༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …