དམངས་གཙོའི་རིང་ལུགས་ནང་ སྲིད་ཚོགས་སྒྲིང་སྒྲི་དགོ་ནི།

༉ འདས་པའི་བདུན་ཕྲག་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་གསརཔ་ འབྲུག་ཀུན་ཕན་ཚོགས་པ་ ཐོ་བཀོད་འབད་ནི་ལུ་ ཁྱད་ཚད་མ་ལྡནམ་ལས་ ཐོ་བཀོད་འབད་མ་བཏུབ་མི་དེ་ བསྟོད་པར་འོས་པའི་ གྲོས་ཆོད་ཅིག་ཨིན་མས།
དེ་ཡང་ དམངས་གཙོའི་རིང་ལུགས་ནང་ སྲིད་དོན་ཚོགས་པ་ཚུ་ སྤྱི་ཚོགས་ཀྱི་ བཙག་འཐུའི་ནང་ བཅའ་མར་གཏོགས་ཐོག་ལས་ རྒྱལ་ཁབ་སྐྱོང་ནིའི་ འགན་ཁུར་ཧྲི་བུམ་འབག་དགོ་པའི་ རྩ་ཅན་གྱི་ འགན་འཁྲི་ཕོགཔ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ ཐོ་བཀོད་མ་འབད་བའི་ཧེ་མར་ སྲིད་དོན་ཚོགས་པ་ག་བཟུམ་འོང་རུང་ ལྕོགས་གྲུབ་ཡོད་མེད་དང་ ཁྱད་ཚད་ལྡན་མ་ལྡན་ ནན་ཞིབ་མཐིལ་ཕྱིན་འབད་ནི་དེ་ གནམ་མེད་ས་མེད་ཁག་ཆེ།
འདི་འབདཝ་ལས་ འབྲུག་ཀུན་ཕན་ཚོགས་པ་འདི་ གཞུང་སྐྱོང་ནིའི་ འགན་ཁུར་རྩ་ཅན་འབག་ནིའི་དོན་ལུ་ ངེས་ཤེས་འདྲོངས་ཚུགས་པའི་ འགོ་ཁྲིད་ཀྱི་ ཁྱད་ཆོས་དང་ ལྕོགས་གྲུབ་ འཇོན་སྟངས་དང་ གྲ་སྒྲིག་ཚུ་མེདཔ་ མཐོང་གསལ་བྱུང་མི་དང་འཁྲིལ་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་གསརཔ་སྦེ་ ཐོ་བཀོད་འབད་ནི་ལས་ ངོས་ལེན་འབད་ཐབས་ མ་བྱུང་པས།
སྲིད་དོན་ཚོགས་པ་སྦེ་ ཐོ་བཀོད་འབད་ནི་ལུ་ དང་འདོད་ཡོད་མི་ འབྲུག་ཀུན་ཕན་ཚོགས་པ་གིས་ ཐོ་བཀོད་ཞུ་ཡིག་གི་ འབྲི་ཤོག་ཕུལ་མི་དེ་ལུ་ ལྷན་ཚོགས་ཀྱིས་ བསྐྱར་ཞིབ་འབདཝ་ད་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ཁོངས་༡༣ ནང་ལས་ འདེམས་ངོ་མེད་པའི་ཁར་ འདེམས་ངོ་༡༥ ཚུལ་མིན་དང་ ཁྲིམས་མཐུན་མེད་པའི་ མཐོང་གསལ་བྱུང་ནུག།
དེ་མ་ཚད་ འདེམས་ངོའི་མི་ངོ་༨ སྐྱེས་ལོ་༢༣ དང་༢༤ འི་བར་ན་འབད་མི་དང་ མི་ངོ་༢༦ སྐྱེས་ལོ་༢༥ དང་༢༩ པའི་བར་ན་འབད་མི་ དེ་ལས་ མི་ངོ་༦ སྐྱེས་ལོ་༣༠ དང་༣༨ ཀྱི་བར་ན་འབད་མི་ཨིན་པའི་ཁར་ མི་ངོ་༡ བཙག་འཐུའི་ཐོ་ཡིག་ནང་ར་ མེད་མི་ཚུ་ལུ་ལྟཝ་ད་ བློ་གཏད་དང་ ཡིད་ཆེས་བསྐྱེད་ཚུགས་པའི་ འགོ་ཁྲིདཔ་མེདཔ་མ་ཚད་ འོས་འབབ་ལྡན་པའི་ འདེམས་ངོའི་མི་ངོ་ཉམས་མྱོང་ཅན་དང་ འཇོང་སྟངས་ཅན་མེད་པའི་ མཐོང་སྣང་བྱུང་ཡོདཔ་ཨིན་མས།
མ་གཞི་ སྲིད་དོན་ཚོགས་པ་དེ་ལུ་ ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ཐོ་བཀོད་འགྲུབ་ནིའི་ གནས་གཞི་སྒྲིག་ཐབས་ལུ་ བསླབ་བྱ་དང་ ལམ་སྟོན་ཚུ་བྱིན་ཏེ་ ཡིག་ཆ་ཚུ་ བསྐྱར་གསོ་འབད་ནི་གི་ གོ་སྐབས་དང་ དུས་ཚོད་བྱིན་ཡོད་རུང་ དག་བཅོས་དང་ ལེགས་བཅོས་འབད་བའི་ ཡིག་ཆ་ཚུ་ ག་ནི་ཡང་ མ་བཙུགས་པ་ལས་ དཀའ་ངལ་གྱི་ གནད་དོན་ཚུ་ རང་འཇགས་འབད་ར་ ལུས་སོ་ཡི་ཟེར་ ལྷན་ཚོགས་ཀྱི་ ཁྱབ་བསྒྲགས་ནང་བཀོད་ནུག།
དེ་གིས་མ་དོ་བར་ སྲིད་དོན་ཚོགས་པའི་ ནང་འཁོད་སྒྲིག་གཞི་དེ་ར་ ཁ་གསལ་མེད་པའི་ཁར་ ཡིག་ཆ་ཞུན་དག་དང་ ཞིབ་དཔྱད་ལེགས་ཤོམ་སྦེ་ མ་འབད་མི་ལུ་ལྟཝ་ད་ ཡིག་ཆ་ཚུ་ གཞན་ལས་འདྲ་བཤུས་རྐྱབ་སྟེ་ བཟོ་ཡོདཔ་བཟུམ་སྦེ་ མཐོང་གསལ་བྱུང་ཡི་ཟེར་བཀོད་ནུག།
སྤྱི་ལོ་༢༠༡༨ ལུ་ སྤྱི་ཚོགས་༣ པའི་བཙག་འཐུའི་བྱ་རིམ་ རན་མི་དང་བསྟུན་ སྲིད་དོན་ཚོགས་པ་གསརཔ་ གཞི་བཙུགས་འབད་ནི་གི་ གྲ་སྒྲིག་འབད་བའི་ ནམ་དུས་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ཧོངས་ལས་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་ཁྲིམས་ཡིག་ཚུ་དང་འཁྲིལ་ ངོས་ལེན་དམ་སྒྲིང་འབད་མི་དེ་ལུ་ སྤྱིར་བཏང་གི་ མི་མང་ལས་ ལེགས་བསྟོད་འབདཝ་ཨིན་མས།
དམངས་གཙོའི་རིང་ལུགས་ནང་ བཙག་འཐུ་འབད་ནི་གི་ དབང་ཚད་དེ་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ གནང་སྟེ་ཡོད་རུང་ གཞུང་སྐྱོང་མི་ བཙག་འཐུ་འབད་ནིའི་དོན་ལུ་ སྲིད་དོན་ཚོགས་པ་སྒྲིང་སྒྲི་དང་ བློ་གཏད་ཡིད་ཆེས་འདྲོངས་ཚུགསཔ་དགོ།
གལ་སྲིད་ བཙག་འཐུ་ལྷན་ཚོགས་ཀྱིས་ ལྟ་རྟོག་སྒྲིང་སྒྲི་དང་ ཁྱད་ཚད་ལྡན་མ་ལྡན་ལ་སོགས་པ་ཚུ་ལུ་ བསྐྱར་ཞིབ་མ་འབད་བ་ཅིན་ མི་ཐབ་ཐོབ་ཚུ་གིས་ཡང་ སྲིད་དོན་ཚོགས་པ་གཞི་བཙུགས་འབད་དེ་ བཙག་འཐུའི་མ་དངུལ་ཚུ་ལུ་ གོ་སྐབས་ལེན་ནིའི་ གོ་སྐབས་སྦོམ་ཡོད།
ད་རེས་ སྲིད་ཚོགས་གསརཔ་ཚུ་གི་ ཁྱད་ཚད་ཚུ་ལུ་ ལྟ་ལྟོག་དམ་སྒྲིང་འབདཝ་དང་གཅིག་ཁར་ ཧེ་མ་ལས་ ཐོ་བཀོད་གྲུབ་སྟེ་ཡོད་མི་ སྲིད་དོན་ཚོགས་པ་ཚུ་གི་ ནང་འཁོད་བཀོད་སྒྲིག་དང་ རྒྱུན་སྐྱོང་མ་དངུལ་ དེ་ལས་ འདེམས་ངོ་དང་ འཐུས་མི་ཚུ་གི་ གནས་རིམ་ཚུ་ཡང་ བསྐྱར་ཞིབ་འབད་ནི་གི་ དུས་ཚོད་རན་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༣ ལུ་ སྲིད་དོན་ཚོགས་པ་ཚུ་ མཉམ་བསྡོམས་འབད་དོ་བཟུམ་མའི་ སྤྱི་ལོ་༢༠༡༨ ཀྱི་ སྤྱི་ཚོགས་བཙག་འཐུའི་སྐབས་ལུ་ཡང་ མཉམ་བསྡོམས་འབད་ཆོག་མི་ཆོག་ བཙག་འཐུ་ལྷན་ཚོགས་ཀྱིས་ ད་ལྟོ་ལས་ར་ ཁྲིམས་ཡིག་དང་ ལམ་ལུགས་དྭངས་གསལ་ བཟོ་ནི་དེ་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *