དམངས་གཙོའི་རིང་ལུགས་ནང་ མི་མང་ལུ་ བརྡ་དོན་སྤྲོད་དགོཔ་གལ་ཆེ།

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ སྐུལ་བསྒྲགས་འབད་བའི་བསྒང་ཡོད་པའི་ ནམ་དུས་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གི་ ནང་ལས་ཡང་ དམིགས་བསལ་དུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ ཉིནམ་གཅིག་བ་ཉིནམ་གཅིག་ ཨུ་ཚུགས་ཡར་འཕར་འགྱོ་བའི་ མངོན་གསལ་བྱུངམ་མས།
དེ་ཡང་ ལྷན་ཚོགས་དེ་ སྲིད་ཚོགས་གཞི་བཙུགས་འབད་འདོད་ཡོད་མི་ཅིག་གིས་ རྩོད་གཞི་ཕྱེ་ནིའི་དོན་ལུ་ ཁྲིམས་སར་བསྐྱལ་ཡོདཔ་མ་ཚད་ ད་རེས་འབད་ཝ་ད་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གི་ གཙུག་ལག་སློབ་སྡེའི་ མཐོ་རིམ་ཤེས་ཚད་ལག་ཁྱེར་ ངོ་སྦྱོར་འབད་ནིའི་ཐད་ལུ་ བརྡ་དོན་མ་སྤྲོད་པར་བཞག་པའི་ སྐྱོན་བརྗོད་འབདཝ་མས།
གཙུག་ལག་སློབ་སྡེའི་ ཤེས་ཚད་ལག་ཁྱེར་འཆང་མི་ཚུ་གི་ བདེན་དཔྱད་དང་ ངོ་སྦྱོར་འབད་ནིའི་ འགན་འཁྲི་འདི་ འབྲུག་ངོ་སྦྱོར་ཚོགས་སྡེ་ལུ་ ཕོགཔ་ཨིན་རུང་ ཤེས་ཚད་ལག་ཁྱེར་ངོ་སྦྱོར་གྱི་དོན་ལུ་ རྒྱལ་ཁབ་ཕྱི་ཁའི་ གཙུག་ལག་སློབ་སྡེ་ཚུ་ལས་ ངོས་ལེན་མ་ཐོབ་མི་ལུ་བརྟེན་ ཚོགས་སྡེ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ མངོན་མཐོ་ཁྲིམས་འདུན་དེ་ ཡིག་ཆ་དེ་ཚུ་ བདེན་དཔྱད་དང་ ངོ་སྦྱོར་འབད་མི་ དབང་འཛིན་གཉིས་པ་སྦེ་ ངོས་འཛིན་འབད་ནུག།
མ་གཞི་ འདི་བཟུམ་བཟོ་མི་དེ་ དམིགས་གཏད་ལེགས་ཤོམ་ཅིག་ཨིན་རུང་ བདེན་དཔྱད་དང་ ངོ་སྦྱོར་འབད་མི་ ཚད་ལྡན་འབད་འཛིན་གྱི་ ལས་སྡེ་གཞན་ཡོད་པའི་སྐོར་ མི་སེར་དང་ འདེམས་ངོ་ཚུ་ལུ་ བརྡ་དོན་མ་སྤྲོད་པར་ བཞག་མི་དེ་ དམངས་གཙོའི་བྱ་རིམ་དང་ མ་འཁྲིལ་བའི་ ལག་ལེན་ཅིག་ཨིནམ་ལས་ ངོ་སྦྱོར་ཚོགས་སྡེ་དང་ བཙག་འཐུ་ལྷན་ཚོགས་ཀྱིས་ ནོར་བ་བཟོ་མི་ལུ་ འགན་འཁྲི་འབག་དགོཔ་འདུག།
ད་ལྟོ་ མཐོ་རིམ་ཤེས་ཚད་ཀྱི་ ལག་ཁྱེར་འཆང་མི་ཚུ་གི་ བདེན་དཔྱད་དང་ ངོ་སྦྱོར་འབད་ནིའི་ཐད་ལུ་ མགུ་འཐོམ་བྱུང་མིའི་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ མངོན་མཐོ་ཁྲིམས་འདུན་ལུ་ འོས་འབབ་ཡོད་མེད་སྐོར་ དྲི་བཀོད་འབད་ནི་དེ་ འབྲེལ་གནད་ཡོདཔ་བཟུམ་སྦེ་ མི་མཐོངམ་མས།
ག་འཆརཔ་ཟེར་བ་ཅིན་ ཤེས་ཚད་དང་འབྲེལ་བའི་ ཡིག་ཆ་ཚུ་ དབང་འཛིན་ག་གིས་ར་ ངོ་སྦྱོར་འབད་རུང་ སྟབས་མ་བདེཝ་ཅིག་ མི་མཐོང་དོ་ཡོདཔ་ཨིན་རུང་ དམངས་གཙོའི་རིང་ལུགས་ནང་ མི་མང་གིས་ བརྡ་དོན་ཧ་གོ་དགོཔ་དང་ ཤེས་དགོ་པའི་ ཐོབ་དབང་ཡོདཔ་བཞིན་དུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༧ པ་རྩ་དོན་༣ པའི་ནང་ཡང་ འབྲུག་པའི་མི་སེར་ཅིག་ལུ་ གནས་ཚུལ་གྱི་ ཐོབ་དབང་ཡོདཔ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་དོན་བདག་སྲུང་སྦེ་ བཞག་དགོ་པའི་ གནད་ཁུངས་ག་ཅི་ཨིན་ན་ ཧ་གོ་དགོཔ་འདུག།
ད་རེས་ མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་དང་འབྲེལ་བའི་ རྩོད་རྙོགས་ཐོན་དགོ་མིའི་ གནད་དོན་གཙོ་བོ་ར་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ རང་སོའི་གཙུག་ལག་སློབ་སྡེའི་ ལག་ཁྱེར་ཚུ་ ངོ་སྦྱོར་གྱི་དོན་ལུ་ འབྲེལ་ཡོད་གཙུག་ལག་སློབ་སྡེ་ཚུ་ལས་ ལེན་མ་ཚུགས་པ་ཅིན་ འབྲུག་ངོ་སྦྱོར་ཚོགས་སྡེ་རྐྱངམ་གཅིག་མེན་པར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ མངོན་མཐོ་ཁྲིམས་འདུན་ལས་ ངོ་སྦྱོར་འབད་དགོཔ་སྦེ་ བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་མ་འབད་མི་ལུ་བརྟེན་ཨིན་མས།
འདེམས་ངོ་ལ་ལོ་ཅིག་གིས་ ངོ་སྦྱོར་འབད་མི་ དབང་ཚད་ཅན་གྱི་ ལས་སྡེ་གཞན་ཡོདཔ་ མ་ཤེས་མི་ལུ་བརྟེན་ རང་སོའི་གཙུག་ལག་སློབ་སྡེ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ ངེས་བདེན་ཨིན་པའི་ ངོ་སྦྱོར་ཡི་གུ་ཐོབ་མ་ཚུགས་པར་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༢ ཆ་མེད་བཏང་ནུག།
དེ་ལས་ ཐིམ་ཕུག་ཁྲོམ་སྡེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ གདམ་འཐུ་གྲུབ་ཡོད་མི་དེ་གི་ གཙུག་ལག་སློབ་སྡེའི་ ཤེས་ཚད་ལག་ཁྱེར་ མངོན་མཐོ་ཁྲིམས་འདུན་གྱིས་ ངོ་སྦྱོར་འབད་ཡོད་མི་དེ་ འོས་འབབ་དང་ ཁྲིམས་མཐུན་ཡོད་མེད་སྐོར་ ད་ལྟོ་ བཙག་འཐུ་ལྷན་ཚོགས་ཀྱིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་རུང་ ང་བཅས་ཀྱི་ བཙག་འཐུའི་བྱ་རིམ་ཚུ་ རང་མོས་དང་ རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་དགོ་པ་ཅིན་ སྤྱིར་བཏང་མི་མང་དང་ འདེམས་ངོ་ཚུ་ལུ་ བརྡ་དོན་ཚུ་ བདག་སྲུང་འབད་དེ་ མ་བཞག་པར་ ག་དེ་དྲག་དྲག་ སྤེལ་དགོཔ་དེ་གལ་ཆེ།
འདི་འབདཝ་ལས་ ད་རེས་ འཛོལ་བ་བཟོ་མི་དེ་ འབྲུག་ངོ་སྦྱོར་ཚོགས་སྡེ་དང་ བཙག་འཐུ་ལྷན་ཚོགས་ཀྱིས་ ངོས་ལེན་འབད་དེ་ ཤུལ་ལས་ འདི་བཟུམ་མའི་ འཛོལ་བ་དང་ ནོར་བ་མི་བཟོ་ནི་གི་ ཁས་ལེན་འབད་དགོ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *