དམངས་གཙོ་ཚོགས་པ་དང་ ཀུན་མཉམ་ཚོགས་པའི་ རྒྱབ་སྐྱོར་པ་གིས་ གཞལམ་སྒང་ལུ་ ཁྱད་པར་ བཟོ་ནི་བཟུམ་ཡོདཔ།

༉ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་མི་ གཞལམ་སྒང་གི་ འདེམས་ངོ་ཚུ་གི་ གྲུབ་འབྲས་ཚུ་ འགོ་ཐོག་བཙག་འཐུ་ནང་ལས་ ཐོན་འགྱོ་མི་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པ་གཉིས་ཀྱི་ རྒྱབ་སྐྱོར་པ་ཚུ་གིས་ ཚོགས་པ་ག་ལུ་ རྒྱབ་སྐྱོར་འབད་མི་ལུ་ རག་ལས་ནི་བཟུམ་ཅིག་ ཡོདཔ་ཨིན་པས།

ཨིན་རུང་ ཚོགས་པ་དེ་གཉིས་ཀྱི་ རྒྱབ་སྐྱོར་པ་ཚུ་གིས་ ད་ལྟོ་ གདོང་ཁར་ཐོན་ཏེ་ ཚོགས་པ་ག་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ན་ཚུ་ སླབ་མི་བཏུབ་དོ་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་དང་ རྫོང་ཁག་མཉམ་འབྲེལ་པ་ཚུ་ གྲུབ་འབྲས་ག་བཟུམ་འཐོན་ནི་ཨིན་ན་ ཚོད་དཔག་འབད་མ་ཚུགས་པར་ ཡོདཔ་ཨིན་པས།

པཱན་སྦང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་རྒྱབ་སྐྱོར་པ་ ཀརྨ་གིས་སླབ་མིའི་ནང་ ད་རེས་ཀྱི་བཙག་འཐུ་ནང་ འདེམས་ཁོངས་དེ་ནང་ དོ་འགྲན་འབད་མི་གཉིས་ཆ་ར་ སྤྱི་ལོ་༢༠༡༣ ལུ་ དོ་འགྲན་འབད་མི་གཉིས་ ལོག་སྟེ་ཚུད་ཡོདཔ་ལས་ གྲུབ་འབྲས་དེ་ཡང་ དོ་འགྲན་ཅན་ཅིག་ འོང་ནི་མས་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྡོ་རྗེ་དབང་འདུས་ཀྱིས་ སྤྱི་ལོ་༢༠༡༣ ལུ་ ད་ལྟོ་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཨིན་མི་ ཚེ་རིང་དང་གཅིག་ཁར་ དོ་འགྲན་འབད་བའི་སྐབས་ ཚོགས་རྒྱན་༤༢ ཐེབས་ཐོབ་སྟེ་ རྒྱབ་ཁ་ཐོབ་ཡོདཔ་ལས་ དུས་ཅི་ ག་དེ་སྦེ་འགྱོ་འོང་ག་ རྩ་ལས་ར་ སླབ་མི་ཤེས་ནི་མས་ཟེར་ཨིན་པས།

ཀརྨ་གིས་ སླབ་མིའི་ནང་ འདེམས་ཁོངས་དེ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་འབད་མི་ མང་སུ་ཡོདཔ་ཨིན་རུང་ དུས་ཅི་ག་དེ་སྦེ་ འོང་ནི་ཨིན་ན་ ཁོང་ཡང་ ཐེ་ཚོམ་སྦེ་ཡོད་ཟེར་ཨིན་པས།

ཨིན་རུང་ རྡོ་རྗེ་དབང་འདུས་དེ་ ཁེངས་སྨད་ལུ་ ཡོངས་གྲགས་ཡོདཔ་ལས་ མི་ཚུ་གིས་ཡང་ ཁོ་ལུ་ར་ རྒྱབ་སྐྱོར་མང་སུ་ཡོདཔ་སྦེ་ སླབ་དོ་ཡོད་རུང་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་རྐྱངམ་གཅིག་ ཤེས་ཚུགས་ནི་ཨིན་པས།

འདེམས་ངོ་ཚེ་རིང་གིས་ འདས་པའི་དྲི་བཀོད་འབད་བའི་སྐབས་ ཁེངས་སྨད་ཀྱི་མི་ཚུ་ ཧེ་མ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཨིནམ་ལས་ ཚོགས་པ་གཞན་ལུ་རྒྱབ་སྐྱོར་འབད་མི་ ཉུང་སུ་ཅིག་ལས་ མིན་འདུག་ཟེར་ཨིནམ་ད་ མི་ཚུ་གི་ སེམས་འགྱུར་བཅོས་འབད་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་བཤད་ཅི།

ཨིན་རུང་ ཁོ་གིས་ འགོ་ཐོག་བཙག་འཐུའི་ཤུལ་ལས་ ཐོན་འགྱོ་མི་ ཚོགས་པ་གཉིས་ལུ་ རྒྱབ་སྐྱོར་འབད་མི་ཚུ་ལས་ རྒྱབ་སྐྱོར་འཚོལ་ཐབས་འབད་ནི་ཟེར་ བཤད་ཡོདཔ་ཨིན་པས།

འདེམས་ངོ་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་འོག་ལ་ལོ་ནང་ འདས་པའི་གཞུང་ཚུ་གི་སྐབས་ལུ་ གོང་འཕེལ་ག་ནི་ཡང་ མ་ལྷོད་དེ་འབད་རུང་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དེ་ར་ འདུག་ཟེར་ཨིན་པས།

པཱན་སྦང་གི་ འབྲུག་མཉམ་རུབ་ཚོགས་པའི་ངོ་ཚབ་ འཇམ་དཔལ་ཆོས་གྲགས་ཀྱིས་ བཤད་མིའི་ནང་ ཁོང་གིས་ མི་ཚུ་གི་སེམས་འགྱུར་ཐབས་ལུ་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ ཤུགས་བཏོན་ཡོད་པའི་ཁར་ ཐོན་འགྱོ་མི་ ཚོགས་པ་གཉིས་ཀྱི་ རྒྱབ་སྐྱོར་པ་ཚུ་དང་གཅིག་ཁར་ཡང་ རྒྱབ་སྐྱོར་འཚོལ་ཡོད་རུང་ ག་ནི་ཡང་ སླབ་མི་ཤེས་པས་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ རྫོང་ཁག་མཉམ་འབྲེལ་བ་ རྡོ་རྗེ་དབང་འདུས་ཀྱིས་ མི་ཚུ་གི་སེམས་འགྱུར་ན་མ་གཏོགས་ དེ་མིན་ ཚོགས་པ་ལུ་ རྒྱབ་སྐྱོར་ལེགས་ཤོམ་ཡོད་ཟེར་ཨིན་པས།

གཞལམ་སྒང་ལུ་ ད་ཚུན་ བཙག་འཐུ་དང་འབྲེལ་བའི་ སྙན་ཞུ་སོགས་ག་ནི་ཡང་ མ་ལྷོད་དེ་འབད་རུང་ མི་རེ་གཉིས་ཀྱིས་ ཚོགས་པའི་རྒྱབ་སྐྱོར་འབད་མི་ཚུ་ལུ་ བརྒྱུད་འཕྲིན་བཏང་སྟེ་ གཞན་མི་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་དགོཔ་སྦེ་ སླབ་མི་ཡང་ཐོན་པའི་ ལོ་རྒྱུས་ཚུ་འདུག།

གདུང་སྦིས་གཡུས་ཚན་ལས་ ཨམ་སྲུ་ཅིག་ལུ་ ཕོ་སྐྱེས་ཅིག་གིས་ མོ་ལུ་ཚོགས་པ་གཞན་ཅིག་ལུ་ རྒྱབ་སྐྱོར་འབད་དགོཔ་སྦེ་ བརྒྱུད་འཕྲིན་བཏང་མི་ཐོན་ཡོད་རུང་ མོ་གིས་ ཕོ་སྐྱེས་དེ་ ག་ཨིན་ན་ ཁ་གསལ་སྦེ་ སླབ་མ་བཏུབ།

དེ་མ་ཚད་ རྫོང་ཁག་གི་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པའི་ ལོ་རྒྱུས་ཚུ་གོ་དོ་ཡོད་རུང་ རྫོང་ཁག་མཉམ་འབྲེལ་བ་གིས་འབད་བ་ཅིན་ དེ་ཚུ་ལུ་ བདེན་པ་མེད་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་མཉམ་འབྲེལ་བ་ རྒྱ་ཕག་རྡོ་རྗེ་གིས་ སླབ་མིའི་ནང་ མི་ཚུ་གིས་ ག་བཟུམ་ཡང་ སླབ་མི་ཐོན་དོ་ཡོད་རུང་ ཚོགས་པ་གཞན་ཚུ་ལས་ རྒྱབ་སྐྱོར་འཚོལ་ནིའི་དོན་ལུ་ བསྟུན་གྲོས་ལ་སོགས་པ་ཡང་ ག་ནི་ཡང་ འབད་དེ་མེད་ཟེར་ཨིནམ་ད་ མི་ཚུ་གིས་ ག་ལུ་རྒྱབ་སྐྱོར་ཡོདཔ་ཨིན་ན་ཡང་ སླབ་མི་ཚུགས་པས་ཟེར་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་ རྫོང་ཁག་མཉམ་འབྲེལ་བ་ ལྷག་པ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གི་ཚོགས་པ་དེ་ འགོ་ཐོག་ནང་ལས་ ཐོན་སོང་ཡོདཔ་ལས་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ལུ་ ཚོགས་པ་ག་ལུ་ རྒྱབ་སྐྱོར་འབད་དགོཔ་ཨིན་ན་ཚུ་ ཁོ་གིས་སླབ་ནིའི་དབང་ཚད་མེད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཁྲིམས་ལུགས་དང་འཁྲིལཝ་ད་ ཁོ་གིས་ དེ་བཟུམ་སླབ་མ་ཆོགཔ་ལས་ སླབ་ནི་ཡང་མེད་ཟེར་ཨིནམ་ད་ ཚོགས་རྒྱན་བཙུགས་ནི་དེ་ རང་སོའི་དབང་ཆ་ཨིནམ་ལས་ ཚོགས་པ་ག་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ན་ ཁོང་ར་གིས་བལྟ་སྟེ་ བཙུགས་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ བར་དོ་ཀྲོང་གི་འདེམས་ངོ་ མགོན་པོ་ཚེ་རིང་གིས་ འབྲུག་མཉམ་རུབ་ཚོགས་པའི་ བསོད་ནམས་ལས་སྐྱིད་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།

པཱན་སྦང་གི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྡོ་རྗེ་དབང་འདུས་ཀྱིས་ འདས་པའི་བཙག་འཐུ་ཐེངས་གཉིས་ཚུན་ འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་ལས་ དུས་ཅི་རྒྱལ་ཁ་འཐོབ་ཅིན་ ཐེངས་གསུམ་པ་ འོང་ནི་ཨིན་པས།

གཞལམ་སྒང་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༨,༥༥༨ ཀྱིས་ ལྷན་ཐབས་འགྲེམ་ཐོག་རྒྱན་ཤོག་ བཙུགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *