དམག་སྡེའི་ཁྲིམས་རྩོདཔ་དང་ ཉེས་འཛུགས་ཅན་ དམག་སྲིད་འོགམ་ཨྱོན་ནོར་བུ་གིས་ ཁོང་རའི་ སྒྲུབ་བྱེད་ཚུ་ཕུལ་ཡོདཔ།

༉ བསྟན་སྲུང་དྲག་པོའི་དམག་སྡེ་གི་ ཁྲིམས་རྩོདཔ་དང་ ཉེས་འཛུགས་ཅན་ དམག་སྲིད་འོགམ་ ཨྱོན་ནོར་བུ་གིས་ བདེ་སྲུང་སྦྱོང་བརྡར་སྐབས་ གཞུང་དངུལ་ལོག་སྤྱོད་འབད་བའི་གནད་དོན་ཐོག་ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་གསུམ་པ་ལུ་ སྒྲུབ་བྱེད་ཚུ་ཕུལ་ཡི།

ཁྲིམས་ཁྲི་གསུམ་པའི་ དྲང་དཔོན་གཉིས་ཀྱིས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་རིང་ ཉེས་འཛུགས་ཅན་དང་ དམག་སྡེའི་ཁྲིམས་རྩོདཔ་གཉིས་ཀྱིས་ ཕུལ་ཡོད་པའི་སྒྲུབ་བྱེད་ཚུ་ རེ་རེ་བཞིན་དུ་ སྙན་གསན་མཛད་ཅི།

དམག་སྲིད་འོགམ་ ཨྱོན་ནོར་བུ་གིས་ ཁོ་རའི་ རྩིས་ཁྲ་དང་ རྩིས་བཱིལ་ཚུ་ ཕུལ་ཡོདཔ་མ་ཚད་ ཁྲིམས་འདུན་གྱི་ཁ་ཐུག་ལས་ དབྱེ་དཔྱད་འབད་ནི་གི་དོན་ལུ་ ཁོང་རའི་ འགོ་བདག་ཚུ་འབོ་གནང་དགོ་པའི་ ཞུ་བ་འབད་ཡོདཔ་ད་ དེ་སྦེ་འབད་དགོ་མི་དེ་ཡང་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་བའི་སྐབས་ ཁོང་གི་བཀའ་དང་འཁྲིལ་ཏེ་ འབད་ནི་དེ་གིས་ ཨིནམ་སྦེ་ཞུ་ཡི།

ཁོ་གིས་ རྩིས་ཁྲ་བཞག་མི་དང་འཁྲིལཝ་ད་ ཁོ་ལུ་ བཀལ་ཡོད་པའི་ དངུལ་ལོག་སྤྱོད་ཀྱི་ཉེས་འཛུགས་དེ་ ངོ་མ་འབད་བ་ཅིན་ ཁོ་གིས་ སྙོམས་སྒྲིག་འབད་ཡོདཔ་མ་གཏོགས་ མནོ་བཞིན་བསམ་བཞིན་དུ་ ཁོ་རའི་ཁེ་ཕན་ལུ་དམིགས་ཏེ་ ལོག་སྤྱོད་འབད་འབདཝ་རྩ་ལས་མེདཔ་སྦེ་ ཞུ་ཡི།

དམག་སྡེའི་ཁྲིམས་རྩོད་པ་གིས་ བཤེར་ལན་ཕུལ་བའི་སྐབས་ལུ་ ཉེས་འཛུགས་ཅན་ ཨྱོན་ནོར་བུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་བཅའ་ཁྲིམས་ཀྱི་དོན་ཚན་༥༣ ལས་འགལ་ཡོདཔ་ལས་ ཁོ་གིས་ དངུལ་ལོག་སྤྱོད་འབད་བའི་གྲངས་སུ་ བཙུགས་མི་དེ་ཡང་ དེ་ལུ་བརྟེན་ཏེ་ ཨིནམ་སྦེ་ཞུ་ཡི།

ཉེས་འཛུགས་ཅན་གྱིས་ ད་ལྟོ་ཚུན་ཚོད་ དཀའ་ངལ་དེ་བཟུམ་ཐོན་དགོ་མི་དེ་ གཙོ་བོ་ར་ བྱ་སྒོའི་ལས་ལུགས་ཅིག་ མེད་མི་ལུ་བརྟེན་ཏེ་ དེ་སྦེ་བྱུང་ནུག་ཟེར་ ཞུ་ཡི།

ཨྱོན་ནོར་བུ་གིས་འབད་བ་ཅིན་ ཁོ་གིས་འབད་མི་དེ་ གོང་མའི་བཀའ་དང་འཁྲིལ་ཏེ་འབད་ཡོདཔ་ད་ ཧེ་མ་ལས་ཡོད་མི་ ལམ་ལུགས་དང་འཁྲིལ་ཏེ་འབད་ཡོདཔ་ལས་ ཁོ་ལུ་འཛོལ་བ་མེདཔ་སྦེ་ཞུ་ཡི།

ཨྱོན་ནོར་བུ་གིས་ གླེ་མོ་ཚོང་ཁང་ལས་ དངུལ་ཀྲམ་༧༠,༠༠༠ དང་ སི་ཏ་ཤ་ཁང་ནང་ དངུལ་ཀྲམ་༩༨,༠༠༠ རྡོ་རྗེ་མངར་ཟས་ནང་དངུལ་ཀྲམ་༢༠,༠༠༠ དང་ སྒྲོལ་མ་ཚོང་ཁང་ནང་ དངུལ་ཀྲམ་༡༠༠,༠༠༠ རྩིས་སྙོམས་སྒྲིག་འབད་ཡོདཔ་སྦེ་ཨིན་པས།

དམག་སྲིད་འོགམ་ ཨྱོན་ནོར་བུ་གིས་ ཁྲིམས་འདུན་ལུ་ ཞུ་མི་དང་འཁྲིལཝ་ད་ ཁོ་གིས་ ཚོང་ཁང་༣ ནང་ རྩིས་སྙོམས་སྒྲིག་འབད་མི་དེ་ ངེས་བདེན་ཨིན་རུང་ སྒྲོལ་མ་ཚོང་ཁང་གིས དངུལ་ཀྲམ་༡༠༠,༠༠༠ དེ་ རྩིས་སྒྲིག་ཡང་མ་འབདཝ་མ་ཚད་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་འཐབ་མེདཔ་སྦེ་ ཞུ་ཡི།

ཉེས་འཛུགས་ཅན་ ཨྱོན་ནོར་བུ་གིས་འབད་བ་ཅིན་ ཁོ་གིས་ རྩིས་ཁྲ་ཚུ་ག་ར་བཞག་ཡོདཔ་ཨིན་རུང་ ཐོག་མའི་ཁྲིམས་འདུན་གྱིས་ དེ་ལུ་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།

དེ་མ་ཚད་ བསྟན་སྐྱོང་གླིང་ལུ་ ཞབས་ཁྲ་རྐྱབ་མི་ཚུ་ལུ་ གསོལ་རས་ཀྱི་དོན་ལུ་ དངུལ་ཀྲམ་༤༠,༩༠༠ བྱིན་ཡོད་མི་དེ་ཡང་ དམག་སྡེའི་ཁྲིམས་རྩོད་པ་གིས་ དངུལ་ཀྲམ་༢༢,༠༠༠ རྐྱངམ་གཅིག་སྦེ་ འཁོད་དེ་འདུག་ཟེར་ཨིན་པས།

ཨྱོན་ནོར་བུ་གིས་ དངུལ་ཀྲམ་༡༠,༠༠༠ སྤྲོད་ཐོག་ལས་ བྱིང་གུམ་མཁོ་སྒྲུབ་འབད་ཡོད་རུང་ དངུལ་ཀྲམ་༧༥༠༠ གི་ རྩིས་བཱིལ་བཏོན་མ་ཚུགསཔ་མ་ཚད་ ད་ལྟོ་འགྲུལ་འཕྲིན་དེ་ཡང་ འགྱོ་མི་བཏུབ་པས་ཟེར་ཨིན་པས།

དམག་སྡེའི་ཁྲིམས་རྩོདཔ་གིས་འབད་བ་ཅིན་ ཉེས་འཛུགས་ཅན་ ཨྱོན་ནོར་བུ་གིས་ ཁྲིམས་འདུན་ལུ་བཙུགས་ཡོད་མི་ ཡིག་ཐོག་ལུ་བྲིས་ཏེ་ཡོད་མི་ རྩིས་ཁྲ་ཚུ་ ཐོག་མའི་ཁྲིམས་འདུན་གྱིས་ ངོས་ལེན་འབད་མ་བཏུབ་མི་དེ་ དམག་སྡེ་ཡིག་ཚང་ལྟེ་བ་གིས་ ཆ་འཇོག་འབད་འབདཝ་མེད་ནི་དེ་གིས་ ཨིནམ་འོང་ཟེར་ཨིན་པས།

དེ་མ་ཚད་ ཡིག་ཆ་དེ་ཚུ་གུ་ འོང་འབབ་འགྲེམ་རྟགས་སྦྱར་ཏེ་མེད་ནི་དེ་གིས་ ངོས་ལེན་འབད་ཐབས་མེད་མི་དེ་ དེ་ལུ་བརྟེན་ཏེ་ འོང་ཟེར་དམག་སྡེའི་ཁྲིམས་རྩོདཔ་གིས་ ཞུ་བ་འབད་ཡི།

དམག་སྡེའི་ཁྲིམས་རྩོདཔ་ ཀུན་དགའ་བསྟན་འཛིན་གྱིས་འབད་བ་ཅིན་ ཉེས་འཛུགས་ཅན་གྱིས་ སྒྲུབ་བྱེད་ཕུལ་ཡོད་མི་དེ་ལུ་ ཞིབ་དཔྱད་ལེགས་ཤོམ་སྦེ་འབད་གནང་དགོ་པའི་ ཞུ་བ་འབད་ཡི།

དམག་སྡེའི་ཁྲིམས་རྩོད་པ་ཚུ་ཡང་ ཉེས་འཛུགས་ཅན་ ཨྱོན་ནོར་བུ་གིས་ བདེ་སྲུང་སྦྱོང་བརྡར་ཐེངས་༡༩ པ་ འགོ་འདྲེན་འཐབ་པའི་སྐབས་ བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུཝ་ད་ གཞུང་དངུལ་ དངུལ་ཀྲམ་༢༨༨,༧༣༤ ལོག་སྤྱོད་འབད་ཡོད་པའི་ སྒྲུབ་བྱེད་ཚུ་ ཕུལ་ཡི།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ དངུལ་ཀྲམ་༤༠༨,༠༠༠ ལོག་སྤྱོད་འབད་ཡོདཔ་སྦེ་ཨིན་རུང་ ཐོག་མའི་ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ དངུལ་ཀྲམ་༢༨༨,༧༣༤ ལུ་ མར་བབས་སོང་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *