དམག་སྡེ་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་བསྒྱུར་བཅོས་ཐོག་ བཙོན་ཁྲིམས་ཕོག་མི་༣ ཉེས་གྲོལ་བཏང་ཡོདཔ།

༉ ཆེ་མཐོ་ཁྲིམས་འདུན་གྱིས་ ན་ཧིང་གི་ལོ་ནང་ དམག་སྡེ་ཁྲིམས་འདུན་གྱིས་ བདེ་སྲུང་སྦྱོང་བརྡར་གྱི་མ་དངུལ་ ལོག་སྤྱོད་འབད་བའི་ བཙོན་ཁྲིམས་ཕོག་མི་༣ ཉེས་གྲོལ་བཏང་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༢༦ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ལིང་དཔོན་བསོད་ནམས་ལྷ་རྒྱལ་དང་ དཔལ་རྒྱབ་བསོད་ནམས་རྡོ་རྗེ་ དེ་ལས་ དཔལ་རྒྱབ་དབང་ཕྱུག་༣ ལུ་ རྒྱབ་སྣོན་གྱི་ སྒྲུབ་བྱེད་མིན་འདུག་ཟེར་ ཉེས་གྲོལ་བཏང་ཡོདཔ་ཨིན་པས།
ལིང་དཔོན་བསོད་ནམས་ལྷ་རྒྱལ་ལུ་ བདེ་སྲུང་ཤོ་ཐེངས་༡༣ པའི་སྐབས་ བློན་པོ་དང་ བཀོད་ཁྱབ་སྡེ་རིམ་གྱི་ འགོ་དཔོན་ཚུ་ལུ་ སྦྱོང་བརྡར་བྱིན་པའི་སྐབས་ དངུལ་ཀྲམ་༡༢,༢༦,༩༤༩ ལོག་སྤྱོད་འབད་བའི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
ཐོག་མའི་ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ལོ་༤ དང་ ཟླཝ་༦ བཀལ་ཡོད་པའི་ཁར་ མ་དངུལ་ཡང་ དངུལ་ཀྲམ་༦༤༦,༧༣༤ བཀྲིས་དབང་མོ་ཚོང་ཁང་དང་ གླེ་མོ་ཚོང་ཁང་ལས་ དངུལ་ཀྲམ་༧༣,༥༠༠ དེ་ལས་ ཨེཆ་ཌི་ཚོང་ཁང་ལས་ དངུལ་ཀྲམ་༢༧༩,༩༠༥ དང་ རྡོ་རྗེ་མངར་རྫས་ཚོང་ཁང་ལས་ དངུལ་ཀྲམ་༢༢༦,༨༡༠ ལོག་སྤྱོད་འབད་བའི་ ཉེས་འཛུགས་འབད་ནུག།
བཀྲིས་དབང་མོ་ཚོང་ཁང་ལས་ དངུལ་ཀྲམ་༡༡,༤༦,༧༣༤ གནས་པའི་ བཟའ་ཆས་ཉོ་མི་ལུ་ ཚོང་པ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མོ་གིས་ དངུལ་ཀྲམ་༣༠༠,༠༠༠ དང་༥༠༠,༠༠༠ གི་བར་ན་ ཐོབ་ཡོདཔ་འོང་ཟེར་ ངག་བརྗོད་བྱིན་ཡོད་མི་ལུ་ ལྷན་ཚོགས་ཀྱིས་ དངུལ་ཀྲམ་མཐོ་ཤོས་ཡོད་མི་༥༠༠,༠༠༠ ངོས་ལེན་འབད་དེ་ ལྷག་ལུས་དངུལ་ཀྲམ་༦༤༦,༧༣༤ ལོག་སྤྱོད་འབད་ཡོདཔ་སྦེ་ ཉེས་འཛུགས་འབད་ནུག།
ཨིན་རུང་ བཀྲིས་དབང་མོ་གིས་ཤུལ་ལས་ ཁྲིམས་འདུན་ལུ་ ལྷན་ཚོགས་ལུ་ ངག་བརྗོད་བྱིན་མི་དེ་ ཨུ་ཚུགས་ཐོག་ལས་བྱིན་ཡོདཔ་སྦེ་ ཞུ་ཡོདཔ་མ་ཚད་ མ་དངུལ་ངེས་ཏིག་ག་དེམ་ཅིག་ བྱིན་ཡོདཔ་ཨིན་ན་ ཁ་གསལ་དྲན་མི་ཚུགས་པས་ཟེར་ ཞུ་ཡོདཔ་ཨིན་པས།
ཐོག་མའི་ཁྲིམས་འདུན་གྱིས་ ལྷག་ལུས་མ་དངུལ་ཚུ་ ལོག་སོར་ཆུད་འབད་དགོཔ་སྦེ་ སླབ་ཡོད་པའི་ཁར་ ཆེ་མཐོ་ཁྲིམས་འདུན་གྱིས་ ལིང་དཔོན་ལུ་ཉེས་འཛུགས་འབད་མི་ལས་ དངུལ་ཀྲམ་༧༣,༤༦༣ དེ་ འོང་འབབ་དང་ ཅ་དམ་ཡིག་ཚང་ལུ་ ཁྲལ་སྦེ་བཏབ་ཡོདཔ་ལས་ མར་ཕབ་འབད་ཡོདཔ་ད་ ལིང་དཔོན་གྱིས་དངུལ་ཀྲམ་༢༢,༠༠༠ དེ་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་ལུ་བྱིན་མི་དང་ དངུལ་ཀྲམ་༧༣,༨༦༠ དེ་ཅིག་གནས་པའི་ ལྟོ་རྒྱགས་ཀྱི་རིགས་ཚུ་ ཚོང་པ་ཚུ་ལུ་ལོག་སྤྲོད་ཡོད་མི་དང་ དངུལ་ཀྲམ་༧༣,༥༠༠ དེ་ གླེ་མོ་ཚོང་ཁང་ལུ་ ལོག་སྤྲོད་ཡོད་ཟེར་མི་དེ་ཡང་ ངོས་ལེན་འབད་ནུག།
རྩིས་བཱིལ་ཚུ་ག་ར་ དམག་སྡེའི་གཙོ་འཛིན་གྱིས་ ལག་རྟགས་བཀོད་དེ་ཡོད་པའི་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ཡང་ རྩིས་ཞིབ་འབད་ཚར་ཏེ་ཡོདཔ་ཨིན་པས།
ལིང་དཔོན་གྱིས་ དངུལ་ཀྲམ་༢༣༠,༠༠༠ བཀག་དམ་ཅན་གྱི་ ཟས་རིགས་དང་ ཞབས་ཁྲ་རྐྱབ་མི་ དེ་ལས་ མདའ་རྩེད་འབད་བའི་སྐབས་གསོལ་རས་བྱིན་མི་དང་ གཞན་གྱི་དོན་ལུ་ ཟད་འགྲོ་བཏང་ཡོདཔ་སྦེ་ རྩིས་ཁྲ་བཙུགས་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ ཟད་འགྲོ་བཏང་ཡོད་མི་ཚུ་ལུ་ དབྱེ་དཔྱད་འབད་བའི་སྐབས་ ཟད་འགྲོ་ཚུ་བཏང་ཡོདཔ་སྦེ་ ཡིད་ཆེས་འདྲོངས་ཡི་ཟེར་ བཀོད་ཡོད་པའི་ཁར་ ཁྲིམས་འདུན་གྱིས་ སྒྲུབ་བྱེད་བཅའ་ཁྲིམས་ཀྱི་དོན་ཚན་༦༦ པ་དང་འཁྲིལ་ ལས་སྡེ་དང་མི་ངོམ་གྱིས་ དེ་བཟུམ་མའི་ ལཱ་རིགས་འབད་སྲོལ་ཡོད་མི་དེ་ ཧེ་མ་ལས་ འབད་བའི་སྲོལ་ཅིག་ཨིན་སྦེ་ ཆ་བཞག་འབད་ཡི་ཟེར་བཀོད་ནུག།
ཆེ་མཐོ་ཁྲིམས་འདུན་གྱིས་ ཀར་ན་བྷ་དུར་གྱིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་དེ་ སེམས་ཀྱི་དྲན་ཤེས་ལེགས་ཤོམ་མེད་པའི་ ངོས་འཛིན་བྱུང་པའི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁོ་ལས་ ངག་བརྗོད་ལེན་ཡོད་མི་དེ་ ཆ་མེད་བཏང་ནུག།
དེ་མ་ཚད་ ཚོང་པ་བཀྲིས་དབང་མོ་ལས་ལེན་མི་ ངག་བརྗོད་དེ་ཡང་ མོ་གིས་ཁྲིམས་འདུན་ལུ་ ངག་བརྗོད་ཚུ་ རང་དབང་ཐོག་ལས་མ་བྱིན་ཟེར་ཞུ་མི་དང་འཁྲིལ་ ཆ་མེད་བཏང་ཡོདཔ་ཨིན་པས།
ཉེས་འཛུགས་ནང་འབྲེལ་བ་ཡོད་མི་ དཔལ་རྒྱབ་དབང་ཕྱུག་ཡང་ ཉེས་གྲོལ་བཏང་ཡོདཔ་ད་ ཁོ་གིས་ སྦྱོང་བརྡར་དེ་གི་སྐབས་ལུ་ བདག་སྐྱོང་དྲུག་ཡིག་གི་ ལཱ་འབད་ཡོད་རུང་ ཁོ་ལུ་ ཉེས་འཛུགས་བཀོད་དེ་མེད་རུང་ ཐོག་མའི་ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ལོ་༢ དང་ ཟླཝ་༦ བཀལ་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་ལུ་ཡང་ དཔལ་རྒྱབ་དབང་ཕྱུག་བཟུམ་སྦེ་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ བྱིན་མི་དེ་ ཁོ་གིས་ ཀར་ན་བྷ་དུར་ཧར་ཀ་དང་ བཀྲིས་དབང་མོ་གིས་ ངག་བརྗོད་བྱིན་མི་དང་འཁྲིལ་ དངུལ་ཀྲམ་༥༧,༠༠༠ ལེན་ནུག་ཟེར་ བཀལ་ཡོད་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་འཛུགས་དེ་ཚུ་ལུ་ རྒྱབ་སྣོན་གྱི་ སྒྲུབ་བྱེད་མིན་འདུག་ཟེར་ བཀོད་ཡོདཔ་ད་ རྩ་ཕན་གང་རུང་གིས་ མཐོ་གཏུགས་འབད་ནིའི་ ཞག་གྲངས་༡༠ ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *