༉ ཕུན་ཚོགས་གླིང་དང་ ཆུ་ཁ་བར་ནའི་ གཞུང་ལམ་རྙིངམ་དེ་ ད་རེས་ནངས་པར་ སྣུམ་འཁོར་རྒྱུན་འགྲུལ་འཐབ་མི་ དག་པ་ཅིག་ལས་བརྒལ་མེད་མི་དེ་ཡང་ སྣུམ་འཁོར་རྒྱུན་འབྲེལ་འཐབ་མི་མང་ཤོས་ར་ དམ་ཆུའི་ཕྲང་ལམ་བདའ་སྟེ་ འཁོར་ལམ་གསརཔ་བཟོ་སྐྲུན་འབད་མི་ལས་ འགྲོ་འགྲུལ་འབད་མི་ལུ་བརྟེན་ཨིན་པས།
དམ་ཆུའི་ཕྲང་ལམ་བདའ་སྟེ་ འཁོར་ལམ་གསརཔ་བཟོ་སྐྲུན་འབད་མི་ལུ་བརྟེན་ གལ་སྲིད་ ས་རུད་ཆད་དེ་ ལམ་བསུབས་པའི་སྐབས་སུ་ བྱ་ཐབས་མེད་པར་ སྐྱབས་ཆ་བརྒྱུད་དེ་ འཁོར་ལམ་རྙིངམ་བདའ་སྟེ་ འགྲོ་འགྲུལ་འབདཝ་མ་གཏོགས་ སྤྱིར་བཏང་འཁོར་ལམ་དེ་ ལག་ལེན་འཐབ་མི་མེདཔ་ལས་ སྐྱབས་ཆ་གི་ མི་སེར་ཚུ་གིས་ སླབ་མིའི་ནང་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ཕུན་ཚོགས་གླིང་དང་ ཐིམ་ཕུག་གི་བར་ན་ གཞུང་ལམ་གཙོ་བོ་ཅིག་སྦེ་ ཡོད་མི་དེ་ རྒེད་འོག་ལྟེ་བའི་ལམ་བཟུམ་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིན་པས།
ཕྲང་ལམ་སེལ་མི་དེ་གིས་ སྤྱིར་བཏང་འབྲུག་པའི་མི་སེར་ཡོངས་ལུ་ ལམ་ཐག་ཐུང་ཀུ་བཟོ་སྟེ་ ཕན་ཐོགས་སྦོམ་ར་ བྱུང་ཡོད་རུང་ སྐྱབས་ཆ་རྒེད་འོག་དང་ གཞུང་ལམ་རྙིངམ་གི་གཡས་གཡོན་ལུ་སྡོད་མི་ཚུ་ལུ་ གདོང་ལེན་ཅན་ཅིག་ཨིན་པས།
སྐྱབས་ཆ་ལུ་སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་རྒྱུན་འགྲུལ་འཐབ་མི་མེད་མི་གིས་ རྫོང་ཁག་ལྟེ་བ་དང་ ཐིམ་ཕུག་ དེ་ལས་ ཕུན་ཚོགས་གླིང་ལུ་ འགྲོ་འགྲུལ་འབད་དགོཔ་འཐོནམ་ད་ སྣུམ་འཁོར་ཐོབ་མ་ཚུགས་པའི་དཀའ་ངལ་སྦོམ་ར་འདུག་ཟེར་ཨིན་པས།
སྐྱེས་ལོ་༦༩ ལང་མི་ པ་སངས་ཀྱིས་ སླབ་མིའི་ནང་ ཕྲང་ལམ་སེལ་མི་དེ་གིས་ ཁོང་ལུ་གནོད་པ་སྦོམ་ར་ བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ སྣུམ་འཁོར་ག་ར་ ཕྲང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་དོ་ཡོདཔ་ལས་ ཁོ་ར་ ཐིམ་ཕུག་ལུ་ འོང་དགོ་པ་ཅིན་ ས་གནས་ཝ་ཙ་ཚུན་ རྐང་སྟོང་སྦེ་ སྣུམ་འཁོར་འཚོལ་བ་འགྱོ་དགོ་པས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ཚུ་ སྣུམ་འཁོར་ཡོད་མི་ལུ་ དཀའ་ངལ་མེད་རུང་ ང་བཅས་བཟུམ་སྦེ་ ཉམ་ཆུང་སྣུམ་འཁོར་མེད་མི་ཚུ་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
སྐྱབས་ཆ་གི་ མི་སེར་ཚུ་ གཞུང་གསརཔ་བཙག་འཐུ་གྲུབ་དང་འབྲེལ་ ས་གནས་ནང་ གོང་འཕེལ་གྱི་ལས་སྣ་འགོ་བཙུགས་ཏེ་ ལམ་རྙིངམ་དེ་ཧེ་མ་བཟུམ་སྦེ་ ལག་ལེན་འཐབ་ཚུགསཔ་བཟོ་ནིའི་ རེ་བ་བསྐྱེད་དོ་ཡོདཔ་ད་ དཀོན་མཆོག་བུ་དར་གྱིས་ སླབ་མིའི་ནང་ ཧེ་མ་ ལམ་བདའ་སྟེ་ མར་དང་དར་ཚིལ་ དེ་ལས་ ཨེ་མ་ལ་སོགས་པ་ཚུ་བཙོང་སྟེ་ འོང་འབབ་དུམ་གྲ་རེ་ བཟོ་དོ་ཡོད་རུང་ ད་རེས་ནངས་པར་ ག་ནི་ཡང་བཙོང་མི་ཚུགས་པས་ཟེར་ཨིན་པས།
འདི་དང་འདྲཝ་སྦེ་ ཕྲང་ལམ་དེ་གིས་ རྩི་མ་གཤམ་ཁྲོམ་ཁར་སྡོད་མི་དང་ ཚོང་པ་ཚུ་ལུ་ གནོད་པ་བྱུང་ཡོད་མི་དེ་ཡང་ ཧེ་མ་ འབད་བ་ཅིན་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ལུ་འགྱོ་མིའི་ མི་དང་སྣུམ་འཁོར་ཚུ་ འུར་ཟིང་འཐབ་སྟེ་ སྡོད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ གཞིས་སྤོ་སོང་མིའི་ ས་གནས་བཟུམ་ཅིག་ལུ་ གྱུར་ཡོད་ཟེར་ཨིན་པས།
སྒྲིང་ཁྱིམ་གྱི་ཇོ་བདག་དང་ ཁང་གླ་ཁར་ཚོང་ཁང་བཙུགས་སྡོད་མི་༢ ཆ་ར་ལུ་ དཀའ་ངལ་བྱུང་སྟེ་ཡོདཔ་ལས་ ཁྱིམ་ཇོ་བདག་ཚུ་ ཁང་གླ་མར་ཕབ་འབད་དགོཔ་ཐོན་པའི་ཁར་ གླ་ཁར་སྡོད་མི་ཚུ་ ཚོང་འབྲེལ་ལུ་བརྟེན་པའི་ཁེ་སང་གིས་ ཁང་གླ་ཐོན་མ་ཚུགས་པར་ ལཱ་ཁག་བཏང་དོ་ཡོདཔ་ལས་ མང་ཤོས་ཀྱིས་ ཚོང་ཁང་ཚུ་ ས་གནས་གཞན་ཁར་ སྤོ་བཤུད་འབད་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཕར་ཚུར་འགྱོ་དགོ་པ་ཅིན་ དྲོ་པ་ལས་ འགྲུལ་འཁོར་བཱསི་ཅིག་ཡོད་མི་ནང་ འགྱོ་དགོཔ་མ་ཚད་ གལ་སྲིད་ འགྲུལ་འཁོར་དེ་ བདའ་མ་ཟུན་པ་ཅིན་ སྣུམ་འཁོར་འཚོལ་ནིའི་དོན་ལུ་ ཕྲང་ལམ་གྱི་ རྒྱ་འགྲམ་ཁར་ཚུན་ འགྱོ་དགོ་ཟེར་ཨིན་པས།
ཁང་གླ་ཁར་སྡོད་མི་མང་ཤོས་ར་ འཐོན་འགྱོ་ཡོདཔ་ལས་ སྒྲིང་ཁྱིམ་ཇོ་བདག་ཚུ་ དངུལ་ཁང་གི་ སྐྱིན་འགྲུལ་ག་དེ་སྦེ་ བཏབ་ཚུགས་ག་ཟེར་ ཚ་གྱང་ལངམ་ཨིན་པས།
སྒྲིང་ཁྱིམ་གྱི་ ཇོ་བདག་དང་ ཁྲོམ་གྱི་ངོ་ཚབ་ དམ་ཆོས་ཀྱིས་ སླབ་མིའི་ནང་ ཁང་གླ་ཁར་ཚོང་ཁང་བཙུགས་སྡོད་མི་ག་ར་ སྤོ་འགྱོ་དོ་ཡོདཔ་ལས་ སྐྱིན་འགྲུལ་བཏབ་ནི་ནང་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ ད་ཚུན་ལུ་ ཁྲོམ་ཁའི་སྒྲིང་ཁྱིམ་༤ སྐྱིན་འགྲུལ་ལས་སྡེ་ཚུ་གིས་ སྐྱིན་ཚབ་སྦེ་ གཞུང་བཞེས་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སྒྲིང་ཁྱིམ་ནང་ ཧེ་མ་ཁང་གླ་དངུལ་ཀྲམ་༧,༠༠༠ འབད་མི་དེ་ ད་རེས་དངུལ་ཀྲམ་༤,༠༠༠ ལུ་ མར་ཕབ་འབད་རུང་ ཁང་གླ་ཁར་ སྡོད་མི་མི་ཐོན་མས་ཟེར་ཨིན་པས།
དཀོན་མཆོག་ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་ཁྲོམ་ཁར་ཡོད་པའི་ ཟ་ཁང་དང་ ཚོང་ཁང་ཚུ་ སྒྲིང་ཁྱིམ་ཇོ་བདག་ཚུ་གིས་ཨིནམ་ད་ དེ་ཡང་ ཁོང་ར་ ཁང་གླ་སྤྲོད་མ་དགོ་པའི་ཁར་ ཨ་ལོ་སླབ་གྲྭ་ནང་ཡོད་མི་ཚུ་ལུ་ ཟུར་ལཱ་བཟུམ་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཟ་ཁང་༡༢ སྒོ་བསྡམས་ཡོད་པའི་ཁར་ ད་རུང་ མང་སུ་ཅིག་ སྒོ་བསྡམ་ནི་ཁར་ལྷོད་དེ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ དཀའ་ངལ་བསལ་ཐབས་ལུ་ ཐབས་བྱུས་སྟོན་དགོཔ་འདུག་ཟེར་ཨིན་པས།
མི་སེར་ཚུ་གིས་ གཞུང་གསརཔ་གི་ཁ་ཐུག་ལས་ ས་གནས་ནང་ལུ་ ལས་འགུལ་དང་ གཙུག་སྡེ་གང་རུང་ཅིག་ གཞི་བཙུགས་མཛད་གནང་དགོཔ་འདུག་ཟེར་ཨིནམ་ད་ གལ་སྲིད་ ཚོང་ལམ་གྱི་ ཐབས་བྱུས་གསརཔ་རེ་མ་བཏོན་པ་ཅིན་ ས་གནས་ནང་སྡོད་མི་དང་ ཁྱིམ་གྱི་ཇོ་བདག་ཚུ་ལུ་ དཀའ་ངལ་སྦོམ་ར་ འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།
ཉིམ་རྡོ་རྗེ་ ཆུ་ཁ།