༉ སྤྱི་ཚོགས་དང་འབྲེལ་བའི་ སྤྱིར་བཏང་བཙག་འཐུའི་ཉིནམ་འདི་ བསྟུམ་སུ་འགྱོཝ་དང་འབྲེལ་ ཚོགས་རྒྱན་བཙུགས་མི་ཚུ་ རང་སོའི་ཐོབ་དབང་སྤྱོད་ནི་ལུ་ སག་ལང་སྟེ་ཡོདཔ་བཞིན་དུ་ འདི་དང་གཅིག་ཁར་ ཚ་གྱང་ཡང་ ལང་དགོ་པའི་ གཞི་གནད་ཅིག་ལུ་གྱུར་ཏེ་འདུག།
མ་གཞི་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་འདི་ སྤྲོ་བ་ཆེ་ཏོག་ཏོ་དང་ ནམ་ཡང་བརྗེད་མ་ཚུགས་པའི་ བྱུང་རབས་ཅིག་ འོང་ནི་གི་ རེ་བ་བསྐྱེདཔ་ཨིན་རུང་ ད་རེས་ནངས་པར་ ང་བཅས་ལུ་ མཐོང་གསལ་བྱུང་མི་ལུ་ བལྟ་བ་ཅིན་ ད་རིས་ཀྱི་ བཙག་འཐུ་ལུ་བརྟེན་ རྒྱལ་ཁབ་ནང་ ལྷག་པར་དུ་ ལུང་ཕྱོགས་ཁག་དབྱེ་འགྱོ་སར་མཐོངམ་ད་ སེམས་ཕམ་སྦོམ་བྱུངམ་མས།
སྤྱི་ལོ་༢༠༡༣ ལོའི་བཙག་འཐུ་གིས་ མི་སྡེའི་ནང་འཁོད་ལུ་ དབྱེ་བ་སོ་སོར་ ཕྱེ་བཏང་སྦེ་ ཆ་བཞག་པ་ཅིན་ ད་རིས་ཀྱི་ བཙག་འཐུ་གིས་ རྒྱལ་ཁབ་འདི་ ལུང་ཕྱོགས་སོ་སོའི་ཐོག་ལས་ ཁག་དབྱེ་བཏང་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས།
འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་༢ ཀྱི་བར་ན་ སོར་བསྒྱུར་དང་ རྒྱུན་མཐུད་ལས་༡ གདམ་ནིའི་དོན་ལུ་ དོ་འགྲན་འབད་མི་ལུ་ལྟཝ་ད་ སྤྱིར་བཏང་བཙག་འཐུ་འདི་ ལུང་ཕྱོགས་དང་ལུང་ཕྱོགས་ དེ་ལས་ རྒྱལ་གཅེས་ཤ་ཞེན་དང་ ཐ་དམ་ཚིག་བརྟེན་མི་མངམ་ཡོད་མི་ ཚོགས་པའི་བར་ནའི་ དོ་འགྲན་འབད་དོ་བཟུམ་ཅིག་སྦེ་ གསལ་སྟོན་འབདཝ་མས།
འདི་བཟུམ་མའི་ གནས་སྟངས་དང་ མནོ་ལུགས་ཨིན་པ་ཅིན་ ང་བཅས་རའི་ རྒྱལ་ཁབ་ཆུང་ཀུའི་ ནུས་སྟོབས་ཆེ་ཤོས་ར་ མི་སེར་གྱི་ གཅིག་མཐུན་ཨིནམ་ལས་ འདྲོག་བྱེལ་འཐབ་དགོཔ་དང་ ཚ་གྱང་ལང་དགོཔ་ཅིག་ཨིན་མས། ང་བཅས་རའི་ སྲིད་པ་ཚུ་དང་ ཁོང་རའི་རྒྱབ་སྐྱོར་པ་ཚུ་གིས་ཡང་ འཕྲལ་གྱི་ཁེ་ཕན་ལུ་བལྟ་སྟེ་ གཅིག་སྒྲིལ་དང་ གཅིག་མཐུན་དེ་ རྒྱབ་སྐྱོར་ཐོག་ ཐབས་ལམ་ཡོད་ཚདཔ་ཅིག་ ལག་ལེན་འཐབ་ཐོག་ལས་ མི་སྡེ་སོ་སོར་ ཁ་འཕྱལ་བཏངམ་མས།
སྐུལ་བསྒྲགས་སྐབས་ ང་བཅས་རའི་ སྲིད་དོན་པ་ཚུ་གིས་མ་དོ་བར་བར་ ཁོང་གི་ རྒྱབ་སྐྱོར་པ་ཚུ་གིས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ རང་སའི་ཁས་བླངས་ཚུ་ལུ་ གཙོ་རིམ་མ་བཟུང་བར་ ཕྱི་རྒྱལ་གྱི་ སྲིད་བྱུས་དང་ དྲག་དམག་ རྒྱལ་བརྒྱུད་ཀྱི་རིང་ལུགས་ མངའ་བདག་རྒྱལ་པོའི་ཁྱད་དབང་ལ་སོགས་པ་ཚུ་ གཡང་ཟ་བག་ཟོན་ག་ནི་ཡང་མེད་པར་ སླབ་མི་ལུ་བརྟེན་ ང་བཅས་ཀྱི་ སྲིད་དོན་གནས་སྟངས་ འཛམ་གླིང་རྒྱལ་གཞན་དང་ དབྱེ་བ་མེདཔ་ འགྱོ་སར་མཐོངམ་ད་ བློ་ཁོལཝ་མས།
མ་གཞི་ མི་ཚུ་ལུ་ འདས་པའི་བཙག་འཐུ་ཚུ་ལས་ ཉམས་མྱོང་ཐོབ་ཡོད་རུང་ སྲིད་དོན་པ་ཚུ་ རྡོ་གུ་ཆུ་བླུག་དོ་བཟུམ་ཅིག་སྦེ་ སྡོད་མི་དེ་ཡང་ མི་མང་རྩོད་འགྲན་དང་ སྐུལ་བསྒྲགས་སྐབས་ ཤུལ་ལས་ རྒྱལ་ཁབ་དང་ མི་སེར་ལུ་ གནོད་པ་ག་དེ་སྦེ་འོང་ག་ མནོ་བསམ་ག་ནི་ཡང་ མ་བཏང་མེད་པར་ ཁོང་ཁྲོ་སློང་ནི་དང་ སྲི་སློང་སྟེ་ སྟབས་མ་བདེཝ་ བཟོ་མི་དེ་ བཟོ་བསྲན་འབད་མ་ཚུགསཔ་ཅིག་ཨིན།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་ཕུན་སུམ་ཚོགས་པའི་ མཁར་-གཡུ་རུང་གི་འདེམས་ངོ་ལུ་ མི་དབང་མངའ་ཞབས་མཆོག་གི་ ཁྱད་དབང་ལག་ལེན་འཐབ་པའི་ ཉེས་ཆད་བཀལ་ཏེ་ སྐུལ་བསྒྲགས་བཀག་འཛིན་འབད་མི་དེ་ ད་ཚུན་གྱི་བར་ན་ ཁྲིམས་ཀྱི་དང་ལེན་སྦོམ་ཤོས་ཅིག་ཨིནམ་ད་ སྤྱིར་བཏང་བཙག་འཐུའི་ དུས་ཡུན་སྐབས་ ལྷན་ཚོགས་ཀྱིས་ རྩོད་རྙོགས་༡༠ ཐོབ་མི་ལས་༣ འདེམས་ངོ་དང་འབྲེལ་བའི་ ཁ་ཉེས་ཚུ་ཨིནམ་བཞིན་དུ་ རྩོད་རྙོགས་༧ དེ་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་བའི་ གནད་དོན་ཨིན་མས།
མ་གཞི་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ལས་ འགལ་མི་ཚུ་ལུ་ ཉེན་བརྡ་དང་ ཉེས་ཆད་ཚུ་ བཀལ་ཡོད་རུང་ མི་སེར་གྱི་ འཐུས་ཚབ་སྦེ་ གྲལ་གཏོགས་འབད་ནིའི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་ཚུ་གིས་ འབད་ཆོག་མི་ཆོག་སྐོར་ ལེགས་ཤོམ་སྦེ་ ཤེས་དགོཔ་ཨིན། ད་རེས་ སྲིད་དོན་ཚོགས་པ་ཚུ་གིས་ ལུང་ཕྱོགས་དང་ མི་སྡེ་སོ་སོར་འཕྱལ་གཏང་ནིའི་ ཐབས་བྱུས་ངན་པ་ཚུ་ ལག་ལེན་འཐབ་མི་དེ་གིས་ མི་སྡེའི་ནང་ ཧེང་སྐལ་ར་ བྱ་སྟབས་མ་བདེཝ་ བཟོ་དོ་ཡོདཔ་ལས་ ཁྲོམ་དང་གྲོང་གཡུས་ནང་ སྡོད་མི་ཚུ་ བསུན་འཚེར་ཁག་ཁ་ ཐལ་ཏེ་འདུག།
ཨིན་རུང་ བཙག་འཐུ་དེ་ མཇུག་བསྡུཝ་མེན་པར་ དུས་སྐལ་གསརཔ་ འགོ་བཙུགས་དོ་ཡོདཔ་ལས་ ང་བཅས་ཀྱིས་ ལུང་ཕྱོགས་དང་ ཡང་ཅིན་ སྲིད་ཚོགས་ལུ་བལྟ་སྟེ་ འགྱོ་རུང་མ་འགྱོ་རུང་ ཤུལ་མའི་ལོ་༥ གི་དོན་ལུ་ གཞུང་སྐྱོང་ནི་ཨིན་མི་ ཚོགས་པ་འོས་ལྡན་ཅིག་ གདམ་ཁ་རྐྱབ་དགོཔ་དེ་གལ་ཆེ།