དབྱངས་ཅན་ཕུག་དང་ ལུང་བསྟན་ཟམ་པའི་ སློབ་ཕྲུག་ཚུ་ལུ་ ཁྲོམ་སྡེའི་འགྲུལ་འཁོར་གྱིས་ཕན་ཁྱད།

༉ ཐིམ་ཕུག་ཁྲོམ་སྡེ་གིས་ དུས་ཅི་སྤྱི་ཟླ་༥ པའི་ནང་ལས་ དབྱངས་ཅན་ཕུག་དང་ ལུང་བསྟན་ཟམ་པའི་ སློབ་ཕྲུག་ཚུ་གི་དོན་ལུ་ ཁྲོམ་སྡེའི་འགྲུལ་འཁོར་གྱི་ ཞབས་ཏོག་བྱིན་མི་དེ་གིས་ ས་གནས་ནང་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་མར་ཕབ་འབད་ཚུགས་ཡོདཔ་ལས་ འགྲུལ་འཁོར་ལང་ཚུགས་པ་ཅིན་ ཁྲོམ་གྱི་སྦུག་ལུ་ཡོད་མི་ འཇིགས་མེད་རྣམ་རྒྱལ་སློབ་གྲྭ་དང་ མུ་ཏིག་ཐང་གི་དོན་ལས་ཡང་ འགོ་བཙུགས་ནི་ཨིན་པས།

སློབ་ཕྲུག་ཚུ་ལུ་ འགྲུལ་འཁོར་གྱི་ཞབས་ཏོག་བྱིན་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ འབད་བ་ཅིན་ སློབ་ཕྲུག་ཚུ་ དྲོ་པ་སློབ་གྲྭ་ནང་འགྱོ་བའི་སྐབས་དང་ ཕྱི་རུ་ལོག་ཁྱིམ་ནང་འགྱོཝ་ད་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཐོན་ནི་དེ་གིས་ ཨིན་ཟེར་ཨིན་པས།

ཁྲོམ་དཔོན་གྱིས་འབད་བ་ཅིན་ ཁྲོམ་སྡེ་གི་ འགྲུལ་འཁོར་གྱི་ཞབས་ཏོག་ འགོ་མ་བཙུགས་པའི་ཧེ་མར་ ཨ་ལོའི་ཕམ་མང་ཤོས་ཅིག་གིས་ ཨ་ལོ་ཚུ་ སློབ་གྲྭ་ནང་ བསྐྱལ་བར་འགྱོ་དོ་ཡོདཔ་ལས་ དེ་བསྒང་ སློབ་གྲྭའི་ས་ཁོངས་དང་ ཁྲོམ་གྱི་ས་ཁོངས་ཚུ་ནང་ སྣུམ་འཁོར་མ་ཤོང་པའི་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་རུང་ ཞབས་ཏོག་དེ་ བཙུགས་ཞིནམ་ལས་ ལོག་ལྟབ་ཀྱིས་ སྣུམ་འཁོར་གྱི་ གྱངས་ཁ་མར་ཕབ་ སོང་ཡི་ཟེར་ཨིན་པས།

ཨིན་རུང་ ད་ལྟོ་ཁྲོམ་གྱི་ ས་ཁོངས་ནང་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་དེ་ ད་ལྟོའི་བར་ན་ཡང་ཡོདཔ་ལས་ འཇིགས་མེད་རྣམ་རྒྱལ་གྱི་ སློབ་ཕྲུག་ཚུ་གི་དོན་ལུ་ཡང་ འགོ་བཙུགས་ཚུགས་པ་ཅིན་ དེ་གི་ཕན་ཐོགས་སྦོམ་འབྱུང་ནི་ལུ་ རེ་བ་བསྐྱེད་དེ་ འགོ་བཙུགས་ནི་གི་ འཆར་གཞི་བཟོ་སྟེ་ཡོད་ཟེར་ཨིན་པས།

ད་ལྟོ་ ཐིམ་ཕུག་ཁྲོམ་སྡེ་ནང་ མི་མང་འགྲུལ་འཁོར་བཱསི་ ཡོངས་བསྡོམས་༤༨ ཡོད་ས་ལས་ སྣུམ་འཁོར་༡༤ སློབ་གྲྭ་ཚུ་གི་དོན་ལས་ ལོགས་སུ་སྦེ་ བཞག་སྟེ་ཡོདཔ་ཨིན་པས།

འགྲུལ་འཁོར་བཱསི་༡༤ པོ་དེ་གིས་ ཉིནམ་གཅིག་ནང་ ཁོང་ར་གིས་ ངོས་འཛིན་འབད་དེ་ཡོད་མི་ ས་ཁོངས་ལས་ སློབ་གྲྭ་དང་ སློབ་གྲྭ་ལས་ ངོས་འཛིན་འབད་སའི་ས་ཁོངས་འབདཝ་ད་ ཚར་༢༡ ཡར་དང་མར་འགྱོ་དོ་ཡོདཔ་ད་ འགྲུལ་འཁོར་བཱསི་ཚུ་གིས་ དྲོ་པའི་ཆུ་ཚོད་༧:༡༥ ལས་ ཕྱི་རུའི་ཆུ་ཚོད་༨:༢༠ ཚུན་ སློབ་ཕྲུག་ཚུ་ལུ་ ཞབས་ཏོག་སྤྲོདཔ་ཨིན་པས།

སློབ་ཕྲུག་ཚུ་ལུ་ གོང་ཚད་ཡང་ བརྒྱ་ཆ་༣༠ མར་ཕབ་འབད་དེ་ཡོདཔ་ལས་ བར་སྦིས་ས་ལས་ ལུང་བསྟན་ཟམ་པའི་ སྣུམ་འཁོར་བཞག་ས་ཚུན་ཚད་ དངུལ་ཀྲམ་༡༠.༥ དང་ གླང་ཇོ་ཕར་ཁ་ལས་ འབད་བ་ཅིན་ དངུལ་ཀྲམ་༧ ལས་མི་གནས་དོ་ཡོདཔ་ཨིན་པས།

ཨིན་རུང་ ཁྲོམ་དཔོན་གྱིས་ འབད་བ་ཅིན་ ད་ལྟོ་གི་ གླ་ཆ་དེ་ སྤྱི་ཟླ་༡༢ པ་ཚུན་ཨིནམ་ད་ དེ་གི་ཤུལ་ལས་ བསྐྱར་ཞིབ་འབད་འོང་ག་མི་འོང་ག་ ད་ལྟོ་སླབ་མི་ཤེས་ཟེར་ཨིན་པས།

ཞབས་ཏོག་དེ་གིས་ སློབ་ཕྲུག་དང་ ཁོང་གི་ཕམ་ཚུ་ལུ་ ཕན་སྦོམ་ཐོགས་ཡོདཔ་སྦེ་ སླབ་ཨིན་པས།

སློབ་རིམ་༩ པའི་ དབྱངས་ཅན་ཕུག་གི་ སློབ་ཕྲུག་གཅིག་གི་ ཕམ་ཨིན་མི་ བསོད་ནམས་དོན་གྲུབ་ཀྱིས་ འདས་པའི་དྲི་བ་དྲིས་ལན་གྱི་སྐབས་ལུ་ ཁོ་ར་ བར་སྦིས་ས་ལུ་ སྡོད་དོ་ཡོདཔ་ད་ ཧེ་མ་ འགྲུལ་འཁོར་བཱསི་གི་ ཞབས་ཏོག་མེད་པའི་སྐབས་ ཁོ་དྲོ་པ་ཨ་རྟག་ར་ སློབ་གྲྭའི་སྣུམ་འཁོར་བཞག་ས་ཚུན་ཚོད་ བུ་བསྐྱལ་བར་ འོང་དགོ་ཟེར་ཨིན་པས།

ཁོ་ར་ ལཱ་བར་སྦིས་ས་ལུ་ འབད་དོ་ཡོདཔ་ལས་ ལཱ་ཁག་སྦེ་ དྲོ་པ་ཨ་རྟག་ར་ ཨ་ལོ་བསྐྱལ་བར་འོང་དགོ་ནི་དེ་གིས་ སྣུམ་འཁོར་མར་ཁུ་འབད་རུང་ ཟླཝ་རེ་ནང་ དངུལ་ཀྲམ་༧,༠༠༠ དེ་ཅིག་ བླུག་དགོཔ་ཐོནམ་མས་ཟེར་ཨིན་པས།

ད་ལྟོ་འབད་བའི་བསྒང་ལས་ ཨ་ལོ་གིས་ ཟླཝ་གཅིག་ནང་ འགྲུལ་འཁོར་བཱསི་གི་ གླ་ཆ་དངུལ་ཀྲམ་༡,༠༠༠ ཡང་ མི་གནས་དོ་ཡོདཔ་ལས་ ཁོ་གི་ཟད་འགྲོ་དང་ དུས་ཚོད་གཉིས་ཆ་ར་ལུ་ ཕན་ཐོགས་ཅི་ཟེར་ཨིན་པས།

ཁྲོམ་དཔོན་གྱིས་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་དང་ རང་བཞིན་གནས་སྟངས་སྲུང་སྐྱོབ་ཀྱི་དོན་ལུ་ འགྲུལ་འཁོར་བཱསི་དེ་ ག་དེ་མང་མང་བཙུགས་པ་ཅིན་ ཕན་ཐོགས་ཚུགས་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *