དབང་འདུས་ལུ་ སེར་སྦྱངམ་གསོ་སྐྱོང་ཁང་ འགོ་དང་པ་ བཟོ་སྐྲུན་འབད་དོ་ཡོདཔ།

༉ དབང་འདུས་ཕོབ་སྦྱིས་ཁ་དང་ སྒང་སྟེང་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་གིས་ གཙང་སྦྲ་དང་ལྡན་པའི་ སྦྲང་རྩི་བསྡུ་བསྒྱོམ་འབད་ཐབས་ལུ་ ཕོབ་སྦྱིས་ཁ་རྒེད་འོག་ལྟེ་བའི་ནང་ སེར་སྦྱངམ་གསོ་སྐྱོང་ཁང་ འགོ་དང་པ་ བཟོ་སྐྲུན་འབད་ནི་ཨིན་པས།
སེར་སྦྱངམ་གསོ་སྐྱོང་ཁང་དེ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ད་ ལས་འགུལ་དེ་གིས་ རྒེད་འོག་༢ ཀྱི་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་པས།
དབང་འདུས་ སྒོ་ནོར་ཐོན་སྐྱེད་འགོ་དཔོན་ ཀརྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གསོ་སྐྱོང་ཁང་གི་ གཞི་རྟེན་གྱི་ལཱ་ཚུ་ མཇུག་བསྡུ་ཡོད་མི་དང་བསྟུན་ འཕྲལ་མགྱོགས་ར་ བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་ནི་ཨིནམ་བཞིན་དུ་ རྒེད་འོག་ལས་ ཐོན་སྐྱེད་འབད་མིའི་ སྦྲང་རྩི་ཚུ་ ཚོང་འབྲེལ་གྱི་ རྒྱབ་སྐྱོར་འབད་དོན་ལུ་ རྫོང་ཁག་གིས་ཡང་ འཐུས་མི་༡༥ འབད་མི་ སྡེ་ཚན་ཅིག་ གཞི་བཙུགས་འབད་ ཡོདཔ་ཨིན་པས།
ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ སྡེ་ཚན་གྱིས་ གསོག་འཇོག་འབད་མི་ དངུལ་སྐྱེད་དང་ སྦྲང་རྩི་བཙོང་མི་ དེ་ལས་ ཐོན་སྐྱེད་འབད་མི་ལས་འཐོབ་མིའི་ མ་དངུལ་ཚུ་ འཐུས་མི་ཚུ་ལུ་ ལོ་༣ རེའི་ནང་ ཚར་རེ་བགོ་བཤའ་རྐྱབ་ནི་ཟེར་ཨིན་པས།
དབང་འདུས་ལུ་ སེར་སྦྱངམ་གསོ་སྐྱོང་འབད་ནི་དེ་ སྤྱི་ལོ་༢༠༡༧ ལུ་ ཕོབ་སྦྱིས་ཁ་རྒེད་འོག་གི་ སོ་ནམ་པ་༡༠ དང་ སྒང་སྟེང་རྒེད་འོག་གི་ སོ་ནམ་པ་༥ དེ་ལས་ དྭངས་ཆུ་རྒེད་འོག་གི་ སོ་ནམ་པ་ཅིག་ལུ་ ཨེ་པིས་མི་ལི་ཕེ་རའི་ཟེར་མི་ སྦྱངམ་གི་ཚང་༣ ངོ་སྤྲོད་འབད་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཁྱིམ་གུང་པ་༥ ལུ་ སྦྱངམ་གི་ཚང་༣ རེ་ སྤྲོད་ཡོདཔ་མ་ཚད་ དགའ་སེང་འཚོ་གོངམ་རྒེད་འོག་གི་ སོ་ནམ་པ་༡༠ ལུ་ཡང་ ཨེ་པིས་སེ་རི་ནའི་ སྦྱངམ་གི་ཚང་རེ་ སྤྲོད་ཅི་ཟེར་ཨིནམ་ད་ རྒེད་འོག་དེ་ཚུ་ གདམ་ཁ་རྐྱབ་མི་དེ་ མོ་བཏབ་ཀྱི་དོན་ལུ་ཨིནམ་ལས་ ལས་འགུལ་དེ་ གྲུབ་འབྲས་ཅན་སྦེ་ འཐོན་པ་ཅིན་ རྒེད་འོག་གཞན་ཚུ་ནང་ཡང་ ལག་ལེན་འཐབ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕོབ་སྦྱིས་ཁ་དང་ སྒང་སྟེང་གི་ སོ་ནམ་པ་ཚུ་ ཀེ་བ་ལུ་བརྟེན་སྡོད་དོ་ཡོདཔ་ལས་ སྦྱངམ་གི་ཚང་བཀྲམ་སྤེལ་འབད་མི་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ གལ་སྲིད་ ཚོང་འབྲེལ་གཞན་འཐབ་པ་ཅིན་ ས་ཆ་ལེ་ཤ་དགོཔ་ཡོདཔ་ལས་ སྦྱངམ་གསོ་སྐྱོང་འབད་ནི་དེ་ ས་ཆ་མེད་མི་ཚུ་ལུ་ མཁོ་གལ་ཅན་གྱི་ ཚོང་ལམ་ཅིག་ ཨིན་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་ སྦྱངམ་གསོ་སྐྱོང་འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༧ ཟླ་༧ པའི་ནང་འཁོད་ལུ་ སྦྲང་རྩི་ཀེ་ཇི་༨༠༠ ལྷགཔ་ཅིག་ བསྡུ་བསྒྱོམ་འབད་ཡི་ཟེར་ཨིནམ་ད་ སྒང་སྟེང་རྒེད་འོག་ གོང་འཕེལ་སྤྱི་འོག་ལས་ སྦྱངམ་གསོ་སྐྱོང་སྡེ་ཚན་གྱི་འཐུས་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཟླཝ་ཕྱེད་དང་༣ ནང་ སྦྲང་རྩི་ཀེ་ཇི་༡༢ དེ་ཅིག་ བསྡུ་བསྒྱོམ་འབད་མི་ལས་ སྦྲང་རྩི་ག་རམ་༥༠༠ ལུ་ དངུལ་ཀྲམ་༣༨༠ རེ་སྦེ་ བཙོང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་བྱཱར་གྱི་སྐབས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོད་རུང་ གནམ་དགུན་ལུ་ ལྟོ་མ་ཐོབ་པའི་ དཀའ་ངལ་ལུ་བརྟེན་ འོང་འབབ་དེ་ཅིག་ བཟོ་མི་ཚུགས་པས་ཟེར་ཨིནམ་ད་ གནམ་དགུན་ལུ་ སྦྱངམ་ཚུ་ལུ་ གུ་རམ་བྱིན་དགོཔ་ཐོནམ་མས་ཟེར་ཨིན་པས།
སྒང་སྟེང་རྒེད་འོག་གི་ ཁྱིམ་གུང་པ་༥ ལུ་ སྦྱངམ་གྱི་ཚང་ བཀྲམ་སྤེལ་འབད་ཡོད་རུང་ རྒེད་འོག་དེ་ནང་ ཚེ་རིང་རྒྱལ་མཚན་རྐྱངམ་གཅིག་གིས་ སྦྱངམ་གསོ་སྐྱོང་གི་ལཱ་ འབད་དོ་ཡོདཔ་ཨིན་པས།
ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ གནམ་དགུན་ལུ་ གནམ་གཤིས་གྱང་ཤུགས་ཀྱི་ གནས་སྟངས་དང་ འཛིན་སྐྱོང་ལེགས་ཤོམ་ འཐབ་མ་ཚུགས་མི་ལུ་བརྟེན་ སེར་སྦྱངམ་ཚུ་ ཤི་དོ་ཡོདཔ་ལས་ མཐའ་སྐྱོང་ལེགས་ལྡན་འབད་འཐབ་ལུ་ ར་རྡུགས་ལ་སོགས་པ་ཚུ་གིས་ སྦྱངམ་གི་ཚང་ཚུ་ སྤུར་ཐོག་ལས་ ཚ་དྲོད་དང་ལྡནམ་སྦེ་ བཞག་དགོཔ་མ་ཚད་ ཚང་དེ་ཚུ་ ངོ་སྤྲོད་མ་འབད་བའི་ཧེ་མར་ སོ་ནམ་པ་ཚུ་ལུ་ འཛིན་སྐྱོང་འཐབ་ཐངས་ཀྱི་ སྦྱོང་བརྡར་ཚུ་ཡང་ བྱིན་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དགའ་སེང་འཚོ་གོངམ་གི་ སོ་ནམ་པ་ཚུ་ལུ་ སྦྱངམ་གི་ཚང་ཡར་དྲག་དང་ ལེགས་བཅོས་འབད་ཐབས་ཀྱི་ སྦྱོང་བརྡར་བྱིན་ཡོདཔ་ད་ རྫོང་ཁག་གིས་ ཕོབ་སྦྱིས་ཁ་དང་ སྒང་སྟེང་རྒེད་འོག་ལུ་ཡང་ དེ་བཟུམ་མའི་ སྦྱོང་བརྡར་འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ལས་ དེ་གིས་ ཚང་ཉོ་ནིའི་ནང་ ཟད་འགྲོ་ལེ་ཤ་གཏང་མ་དགོ་པའི་ ཁེ་ཕན་ཡོདཔ་མ་ཚད་ སེར་སྦྱངམ་གི་ཨམ་ཡང་ གསོ་སྐྱོང་འབད་ཚུགས་ནི་ཨིནམ་ལས་ ཉོ་མ་དགོ་པའི་ ཕན་ཐོགས་འབྱུང་འོང་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *