དབང་འདུས་ལུ་ ཚོགས་རྒྱན་འཕྲུལ་ཆས་ཚུ་ ཁྲུས་གསོལ་འབད་དེ་ རྩིས་སྤྲོད་ཡོདཔ།

༉ ཁ་ཙ་དྲོ་པར་ དབང་འདུས་ཕོ་བྲང་ལུ་ ཚོགས་རྒྱན་འགོ་དཔོན་༢༦༤ དང་ ཉེན་སྲུང་ལྟ་རྟོག་པ་༡༥༦ ཚོགས་རྒྱན་ས་ཁོངས་༤༧ ནང་ མ་འགྱོ་བའི་ཧེ་མར་ ཚོགས་རྒྱན་འཕྲུལ་ཆས་ཚུ་ལུ་ ཁྲུས་གསོལ་འབད་དེ་ རྩིས་སྤྲོད་ཡོདཔ་ཨིན་པས།

ཚོགས་རྒྱན་སྡེ་ཚན་ཚུ་ ཁ་ཙ་དྲོ་པའི་ཆུ་ཚོད་༨ ལས་ རང་སོའི་ཚོགས་རྒྱན་ས་ཁོངས་ཚུ་ནང་འགྱོ་ནི་ འགོ་བཙུགས་ཡོདཔ་ད་ རྫོང་ཁག་གིས་ འགོ་དཔོན་ཚུ་ ས་ཁོངས་ཚུ་ནང་ བསྐྱལ་ནི་གི་དོན་ལས་ འགྲུལ་འཁོར་བཱསི་༩ དང་ སྣུམ་འཁོར་ཆུང་བ་༡༨ དེ་ལས་ བསྟན་སྲུང་དམག་མིའི་ ཊཱག་༤ གྲ་སྒྲིག་འབད་དེ་ བྱིན་ཡོདཔ་ཨིན་པས།

ཚོགས་རྒྱན་ས་ཁོངས་༧ དེ་ཅིག་ནང་ དུས་ཡུན་ཆུ་ཚོད་༡ གི་ ནང་འཁོད་ལུ་ ལྷོད་ཚུགསཔ་ལས་ ཚོགས་རྒྱན་སྡེ་ཚན་ཚུ་ ཉིན་མ་ཁམས་ཅིག་ཁར་ སོང་ཡོདཔ་ཨིན་པས།

དབང་འདུས་ཕོ་བྲང་གི་ ངོས་ལེན་འགོ་དཔོན་ ཚོ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ རྫོང་ཁག་དེ་གི་ ཚོགས་རྒྱན་ས་ཁོངས་ཚུ་གི་གྲས་ལས་ གདོང་ལེན་སྦོམ་ཤོས་ར་ ཀ་གཞི་རྒེད་འོག་ བོད་བྲོག་སྤྱི་འོག་དེ་ཨིནམ་ལས་ སྡེ་ཚན་གྱི་ འཐུས་མི་ཚུ་ འཁོར་ལམ་ལས་ དུས་ཡུན་ཆུ་ཚོད་༦ དེ་ཅིག་ ལམ་འགྱོ་དགོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་རྒྱན་འཕྲུལ་ཆས་ཚུ་ སྤྱི་ཟླ་༤ པའི་ཚེས་༩ ལས་ར་ ཐིའུ་རྐྱབ་སྟེ་ བཞག་ཡོདཔ་མ་ཚད་ འཇམ་ཏོང་ཏོ་སྦེ་ ལྷོད་ཚུགས་པའི་ ས་ཁོངས་དག་པ་ཅིག་ནང་མ་གཏོགས་ ཚོགས་རྒྱན་ས་ཁོངས་གཞན་ག་རའི་ནང་ སོར་ཐབས་འབད་ནིའི་དོན་ལུ་ ཚོགས་རྒྱན་འཕྲུལ་ཆས་ཐེབས་རེ་ བྱིན་ཡི་ཟེར་ཨིན་པས།

ཚོགས་རྒྱན་འགོ་དཔོན་ཚུ་གི་དོན་ལས་ ཉིན་གྲངས་༢ ཀྱི་རིང་ ཁ་གསོའི་སློབ་སྦྱོང་བྱིན་མི་དེ་ སྤྱི་ཟླ་༤ པའི་ཙེས་༡༧ ལུ་ མཇུག་བསྡུ་ནུག།

དབང་འདུས་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ བ་འཇོ་ཁྲོམ་དང་ སྦྱེ་ནག་ རུས་པའི་ས་ སྲས་ཕུག་ ཐེད་ཚོ་ལས་ འདེམས་ངོ་༥ ཡོདཔ་ཨིན་པས།

འདེམས་ངོ་ཚུ་གིས་ སླབ་མིའི་ནང་ གྲོང་གཡུས་མང་རབས་ཅིག་ ཁ་གཏོར་ཏེ་ཡོད་པའི་ཁར་ ལམ་ཐག་རིང་སར་ཡོད་མི་ལུ་བརྟེན་ ཁོང་གི་ སྐུལ་བསྒྲགས་ཀྱི་ དུས་ཡུན་སྐབས་ རྒེད་འོག་༡༥ དང་ ཁྲོམ་ག་རའི་ནང་ ལྷོད་མ་ཚུགས་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ སྒོ་བཤལ་རྐྱབ་སྟེ་ སྐུལ་བསྒྲགས་འབད་ནི་གི་ དུས་ཚོད་དེ་ དྲོ་པའི་ཆུ་ཚོད་༦ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་རྐྱངམ་གཅིག་ཨིནམ་ལས་ མི་སེར་ཚུ་དང་ ཕྱད་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ དེ་ཡང་ དྲོ་པའི་ཆུ་ཚོད་༦ ལུ་ མི་དང་ཕྱད་ནི་དེ་ ཧ་དྲགས་པའི་ཁར་ ཉིན་མ་འབད་བའི་བསྒང་ལས་ མི་སེར་ཚུ་ ལཱ་སར་འགྱོཝ་མས་ཟེར་ཨིན་པས།

དབང་འདུས་རྫོང་ཁག་ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཀྱི་དོན་ལུ་ མི་གྲངས་༤,༢༦༦ གིས་ ཐོ་བཀོད་འབད་མིའི་གྲས་ལས་ སྦྱིས་མེད་ཐང་ཀ་དང་ བ་འཇོ་ སྒང་སྟེང་ལུ་ ལྷན་ཐབས་ས་ཁོངས་ཚུ་ནང་ ཚོགས་རྒྱན་སྐྱུར་མི་༣,༢༦༡ འབདཝ་ད་ བརྒྱ་ཆ་༧༦.༤༤ འོང་ཡོདཔ་ཨིན་པས།

ད་རུང་ རྫོང་ཁག་གིས་ འགྲེམ་ཐོག་ཚོགས་རྒྱན་ ཐད་ཀར་དུ་ བཙུགས་ནིའི་དོན་ལུ་༡,༢༧༤ བྱིན་ཡོད་མི་ལས་ སྤྱི་ཟླ་༤ པའི་ཚེས་༡༧ ཚུན་ཚོད་ འགྲེམ་ཐོག་ཚོགས་རྒྱན་༡,༠༨༡ ལྷོད་ཡོད་པའི་གནས་ཚུལ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *