དབང་འདུས་ཕོ་བྲང་གི་ ཚོགས་རྒྱན་ས་ཁོངས་ཅིག་ནང་ ཉེན་སྲུང་ལྟ་རྟོག་པ་ ཁྲིམས་སྲུང་འགག་པའི་ ཨམ་སྲུ་ཅིག་གིས་ ཚོགས་རྒྱན་སྐྱུར་མི་ ཨམ་སྲུ་ཚུ་གི་གཟུགས་ཁར་ ལག་ནོམ་རྐྱབ་སྟེ་ གོ་མཚོན་ཡོད་མེད་ བརྟག་ཞིབ་འབད་བའི་བསྒང་།

དབང་འདུས་ལུ་ གོ་གནས་ཐོག་ཡོད་མི་ བཀྲིས་རྡོ་རྗེ་ ལོག་བཙག་འཐུ་གྲུབ་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེ་ནང་ གོ་གནས་ཐོག་ཡོད་མི་ བཀྲིས་རྡོ་རྗེ་དེ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ འཐུས་མི་སྦེ་ ལོག་བཙག་འཐུ་གྲུབ་ནུག།

སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཚོགས་རྒྱན་གྱི་ཉིནམ་ནང་ ཁོ་གིས་ ཚོགས་རྒྱན་༤,༩༩༥ ཐོབ་སྟེ་ བསྐྱར་ཞིབ་ཚོགས་ཁང་ནང་ ད་རུང་ གནས་ཡུན་ལོ་ལྔ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་ཡོདཔ་ད་ དབང་འདུས་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་༥ གིས་ དོ་འགྲན་འབད་ཡོདཔ་ཨིན་པས།

སྦྱེ་ནག་རྒེད་འོག་ལས་ པ་སངས་འཕྲིན་ལས་ཀྱིས་ ཚོགས་རྒྱན་༣,༧༥༡ དང་ སྲས་ཕུག་རྒེད་འོག་ལས་ ཟླ་བ་ཚེ་རིང་གིས་ ཚོགས་རྒྱན་༡,༦༡༨ བ་འཇོ་ཁྲོམ་ལས་ ར་བྲག་དབང་ཕྱུག་གིས་ ཚོགས་རྒྱན་༡,༣༥༧ ཐེད་ཚོ་ལས་ འཕྲིན་ལས་ཀྱིས་ ཚོགས་རྒྱན་༤༢༧ ཐོབ་ནུག།

རྫོང་ཁག་དེ་ནང་ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ་༦༠ ལྷགཔ་ཅིག་གིས་ བཙག་འཐུ་ནང་ གྲལ་གཏོགས་འབད་ནུག།

རྫོང་ཁག་གི་ རྒེད་འོག་༡༥ དང་ཁྲོམ་སྡེ་༡ ནང་ ཚོགས་རྒྱན་ས་ཁོངས་༤༧ ཡོད་མི་ཚུ་ནང་ ཚོགས་རྒྱན་འཕྲུལ་ཆས་ཚུ་ནང་ ཚོགས་རྒྱན་བསྡོམས་༩,༧༡༧ དང་ འགྲེམ་ཐོག་ཚོགས་རྒྱན་༢,༤༣༡ གྲངས་རྩིས་རྐྱབ་ནུག།

རྫོང་ཁག་གིས་ འགྲེམ་ཐོག་ཚོགས་རྒྱན་༢,༥༤༧ ཐོབ་མི་ལས་༡༡༦ ཆ་མེད་ཡར་སོང་ཡོདཔ་ད་ རྫོང་ཁག་དེ་ནང་ ཁྱད་ཚན་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༡༩,༦༩༣ ཡོདཔ་ཨིན་པས།

བང་སྟོད་ཁ་སློབ་གྲྭའི་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་ དང་པ་ཨིན་མི་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ རྒྱལ་ཁ་འཐོབ་ནི་གི་ རེ་བ་བསྐྱེད་མི་དེ་ཡང་ མི་སེར་ལས་ རྒྱབ་སྐྱོར་ཡོད་ནི་དེ་གིས་ བཙག་འཐུ་ནང་ ལོག་བཅའ་མར་གཏོགས་ཅི་ཟེར་ཨིན་པས།

ཨ་ལོ་གསུམ་གྱི་ཨའི་ བསོད་ནམས་དབང་མོ་དེ་ མོ་གི་ཨ་ལོ་ཚུ་ ཕམ་དང་གཅིག་ཁར་བཞག་སྟེ་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ ཚོགས་རྒྱན་བཙུགས་ནི་དང་ སྤྱི་ཚོགས་ནང་ མི་སེར་གྱི་ ཚ་གྱང་ཞུ་ནི་ཨིན་མི་ འོས་ལྡན་གྱི་ འདེམས་ངོ་ཅིག་ གདམ་ཁ་རྐྱབ་ནི་དེ་ གལ་ཆེ་ཟེར་ མོ་གིས་ བཤདཔ་ཨིན་པས།

སྐྱེས་ལོ་༣༩ ལང་མི་ ཁག་འབགཔ་བཀྲིས་དཔལ་འབྱོར་དེ་ ཚོགས་རྒྱན་བཙུགས་པར་ དགེ་ལེགས་ཕུག་ལས་ འོང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་ནི་དེ་ མི་སེར་གྱི་ འགན་ཁུར་ཨིནམ་མ་ཚད་ འདེམས་ངོ་ཚུ་ཡང་ མང་པའི་སྦུག་ལས་སེལ་ཏེ་ ཉུང་པའི་སྦུག་ལས་ གདམ་ནི་གི་ གོ་སྐབས་ཅིག་ཡང་ཨིན་ཟེར་མནོ་སྟེ་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *