༉ དབང་འདུས་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ མི་ངོམ་༥ ཐོན་མི་ཚུ་ ཆ་མཉམ་ར་ གདམ་ངོའི་འཛོམས་འདུ་ནང་ལས་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
སྦྱེ་ནག་རྒེད་འོག་ལས་ པ་སངས་འཕྲིན་ལས་ཀྱིས་ དགོ་ཟེར་བའི་ཚོགས་རྒྱན་༡༩༤ དང་ མི་དགོ་པའི་ཚོགས་རྒྱན་༢༡ ཐོབ་ནུག།
དེ་བཟུམ་སྦེ་ ཐེད་ཚོ་རྒེད་འོག་ལས་ འཕྲིན་ལས་ཀྱིས་ དགོ་ཟེར་བའི་ ཚོགས་རྒྱན་༧༠ དང་ མི་དགོ་པའི་ཚོགས་རྒྱན་༢༡ ཐོབ་ཡོདཔ་ད་ བ་འཇོ་ཁྲོམ་ལས་ མི་ངོམ་སྦེ་ཐོན་མི་ ར་བྲག་དབང་ཕྱུག་གིས་ དགོ་ཟེར་བའི་ཚོགས་རྒྱན་༡༡༦ དང་ མི་དགོ་ཟེར་བའི་ ཚོགས་རྒྱན་༡༨ ཐོབ་ཡོདཔ་ཨིན་པས།
སྲས་ཕུག་རྒེད་འོག་ལས་ ཟླ་བ་ཚེ་རིང་གིས་ དགོ་ཟེར་བའི་ཚོགས་རྒྱན་༢༥༦ དང་ མི་དགོ་ཟེར་བའི་ ཚོགས་རྒྱན་༢༥ ཐོབ་སྟེ་ གདམ་འཐུ་གྲུབ་ནུག།
གདམ་ངོའི་འཛོམས་འདུ་དེ་ དགའ་སེང་ཚོ་གོངམ་དང་ དགའ་སེང་ཚོ་འོགམ་ལས་ འགོ་བཙུགས་ཏེ་ སྦྱེ་ནག་དང་ ཐེད་ཚོ་ བ་འཇོ་ཁྲོམ་ དེ་ལས་ ཁ་ཙ་ སྲས་ཕུག་རྒེད་འོག་ནང་ འགོ་འདྲེན་འཐབ་ནུག།
ཁ་ཙ་ རུས་པའི་ས་གི་ གདམ་ངོའི་འཛོམས་འདུ་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཀྲིས་རྡོ་རྗེ་གིས་ དགོ་གི་ཚོགས་རྒྱན་༢༥༤ དང་ མི་དགོ་གི་ཚོགས་རྒྱན་༡༠ ཐོབ་སྟེ་ རྒེད་འོག་ལས་ གདམ་འཐུ་གྲུབ་ནུག།
འཕྲལ་ཁམས་ཅིག་ཁར་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་ སྐྱེས་ལོ་༢༠ ལང་མི་ བསོད་ནམས་གཡང་སྒྲོན་གྱིས་ བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་བཙུགས་ནི་དེ་ འགོ་དང་པ་འབདཝ་ལས་ མོ་ར་ཧེ་མ་ལས་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ སྤྲོ་བ་ཡོད་ཟེར་ཨིན་པས།
བ་འཇོ་ཁྲོམ་ལས་ སྐྱེས་ལོ་༣༩ ལང་མི་ ཚེ་རིང་དཔལ་མོ་གིས་ ད་ལྟོ་ཚུན་ འགོ་འདྲེན་འཐབ་ཡོད་མི་ བཙག་འཐུ་ག་རའི་ནང་ བཅའ་མར་གཏོགས་ཅི་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ འཐུས་མི་ལེགས་ཤོམ་བཙག་འཐུ་འབད་ཚུགས་པ་ཅིན་ དེ་གིས་ རང་གི་རྫོང་ཁག་རྐྱངམ་གཅིག་ནང་ ཕན་ཐོགས་ནི་མེན་པར་ རྒྱལ་ཁབ་ལུ་ཡང་ ཕན་ཐོགས་ཚུགས་ཟེར་ཨིན་པས།
ཟླ་བ་ཚེ་རིང་གིས་ གདམ་ངོའི་འཛོམས་འདུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༡ རྐང་སྟོང་སྦེ་ འོང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མི་སེར་སོ་ནམ་པ་ཚུ་ ཞིང་ལཱ་འགོ་མ་བཙུགསཔ་ཅིག་ཁར་ འཛོམས་འདུ་འགོ་འདྲེན་འཐབ་ཚུགས་ནི་དེ་གིས་ སྟབས་བདེ་ཏོག་ཏོ་སོང་ཡི་ཟེར་ཨིན་པས།
དབང་འདུས་རྫོང་ཁག་གི་དོན་ལུ་ གདམ་ངོའི་འཛོམས་འདུ་དེ་ སྤྱི་ཟླ་༢ པའི་ཚེས་༢༤ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ འཛོམས་འདུ་མཇུག་ར་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ཀ་གཞི་རྒེད་འོག་ནང་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།