༉ དབང་འདུས་ཕོ་བྲང་ རྒྱ་མཚོ་ཁ་ལུ་ ཉལ་ཁྲི་༤༠ འབད་མི་ རྫོང་ཁག་སྨན་ཁང་ བཟོ་སྐྲུན་མཇུག་བསྡུ་ནི་ལུ་ ལོ་༢ དེ་ཅིག་ དུས་ཚོད་ཕྱིས་སོ་པའི་ཤུལ་ལས་ སྨན་ཁང་དེ་ དུས་ཅི་ ལོ་རྫོགས་ཁམས་ཅིག་ཁར་ མཇུག་བསྡུ་ནིའི་གུ་ ལྷོད་དེ་ཡོདཔ་ཨིན་པས།
ད་རེས་ སྨན་ཁང་བཟོ་སྐྲུན་གྱི་ལཱ་བརྒྱ་ཆ་༧༥ དེ་ཅིག་ མཇུག་བསྡུ་སྟེ་ཡོདཔ་ད་ སྨན་ཁང་དེ་ཡང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱིས་ མ་དངུལ་ དངུལ་ཀྲམ་ས་ཡ་༡༤༨.༤ རྒྱབ་སྐྱོར་ཐོག་ལས་ བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ལས་ བཟོ་སྐྲུན་འབད་ནི་ འགོ་བཙུགས་མི་ སྨན་ཁང་དེ་ཡང་ ཟད་འགྲོའི་ཚོད་རྩིས་དང་ བཟོ་བཀོད་ཆ་འཇོག་འགྲུབ་ནི་ལུ་ བྱ་རིམ་མང་མི་ལུ་བརྟེན་ དུས་ཚོད་ཕྱིས་ཡོདཔ་ད་ མ་གཞི་ སྨན་ཁང་གི་བཟོ་སྐྲུན་དེ་ཡང་ སྤྱི་ལོ་༢༠༡༥ འི་ཟླཝ་༣ པའི་ནང་ མཇུག་དགོཔ་སྦེ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་འཕྲུལ་ཁང་གི་ བཀོད་ཁྱབ་མདོ་ཆེན་བགྲེསཔ་ ཨར་ཨེན་ ཁ་ཟཱན་ཅི་གིས་ འདས་པའི་དྲི་བ་དྲིས་ལན་འབད་བའི་སྐབས་ སླབ་མིའི་ནང་ སྨན་ཁང་བཟོ་སྐྲུན་གྱི་ ཚོད་རྩིས་གནས་གོང་དང་པ་དེ་ སྤྱི་ལོ་༢༠༡༥ འི་ཟླཝ་༧ པ་དང་ གནས་གོང་༢ པམ་དེ་ སྤྱི་ལོ་༢༠༡༦ ལུ་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།
གནས་ཚད་ཅན་གྱི་ སྨན་ཁང་བཟོ་སྐྲུན་གྱི་ བཟོ་བཀོད་མེདཔ་ལས་ བཟོ་བཀོད་གསརཔ་ བཟོ་དགོཔ་བྱུང་ཡོདཔ་ད་ བཟོ་བཀོད་དེ་ཡང་ སྨན་ཁང་ཕར་འཕུལ་རྐྱབ་དགོཔ་བྱུང་ཡི་ཟེར་ བཀོད་ཁྱབ་མདོ་ཆེན་གྱིས་ བཤད་ཅི།
ཁོ་གིས་ སླབ་མིའི་ནང་ བཟོ་བཀོད་ངོས་ལེན་འབད་ནི་ལུ་ གསོ་བའི་ལྷན་ཁག་དང་ ཞབས་ཏོག་ལྷན་ཁག་ མི་སྡེ་ དེ་ལས་ རྒྱ་གར་གྱི་ གྲོས་སྟོན་པ་ཚུ་ འབྲེལ་གཏོགས་ཡོདཔ་ལས་ བཟོ་བཀོད་དེ་ དུས་ཡུན་ལེ་ཤ་འགོར་སོ་ཡི་ཟེར་ཨིནམ་ད་ གལ་སྲིད་ བསྒྱུར་བཅོས་ག་ཅི་ར་ འབད་དགོ་འབྱུང་རུང་ བྱ་རིམ་ཚུ་ དེ་དང་འཁྲིལ་ཏེ་ འགྱོ་དགོ་ཟེར་ཨིན་པས།
ལས་འགུལ་བཟོ་སྐྲུན་ནང་ ཁང་ཚན་༦༩ འབད་མི་ སྡོད་ཁྱིམ་༡༦ དང་ དེ་ལས་ ནང་འཁོད་སྡོད་ཁྱིམ་གྱི་འཁོར་ལམ་ཚུ་ དངུལ་ཀྲམ་ས་ཡ་༡༠༨.༦༧ དེ་ཅིག་ ཟད་འགྲོ་གཏང་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་བཞིན་དུ་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ ལཱ་ཚུ་ཡང་ སྤྱི་ལོ་༢༠༡༦ ལུ་ མཇུག་བསྡུ་སྟེ་ རྫོང་ཁག་བདག་སྐྱོང་ལུ་ སྤྱི་ལོ་༢༠༡༧ ལས་ར་ རྩིས་སྤྲོད་འབད་བའི་ཤུལ་ལས་ ད་རེས་ བ་འཇོ་ཐང་སྨན་ཁང་གི་ ལས་བྱེདཔ་ཚུ་ སྡོད་དོ་ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ དངུལ་ཀྲམ་ས་ཡ་༡༥ གནས་པའི་ གསོ་བའི་ཅ་ཆས་ཚུ་ སྨན་ཁང་ནང་ བྱིན་ཡོདཔ་མ་ཚད་ དངུལ་ཀྲམ་ས་ཡ་༥ གནས་པའི་ གསོ་བའི་ཅ་ཆས་ཚུ་ཡང་ བ་འཇོ་སྨན་ཁང་ལུ་ གྲོགས་རམ་འབད་ཡོདཔ་ཨིན་པས།
ད་རུང་ གསོ་བའི་ལྷན་ཁག་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༠ གནས་པའི་ གསོ་བའི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།