༉ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ ན་ཆུང་བུམོ་ཚུ་ལུ་ དབང་བཙོང་འདོད་སྤྱོད་འབད་མི་ཚུ་ལུ་ ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ ཨ་ལོ་ཚུ་ལུ་ ལུས་འབྲེལ་རྩུབ་སྤྱོད་འབད་མི་ནང་ འབྲེལ་བ་ཡོད་མི་བརྒྱ་ཆ་༦༠ དེ་ཅིག་ ཨ་ལོ་ངོ་ཤེས་མི་ཚུ་ཡོད་པའི་ ངོས་འཛིན་བྱུང་ནུག།
བྱ་ངན་ནང་འབྲེལ་བ་ཡོད་མི་ བརྒྱ་ཆ་༦༠ དེ་ཅིག་ལས་ བརྒྱ་ཆ་༡༥.༥ དེ་ཅིག་ བཟའ་ཚང་ནང་འཁོད་དང་ ཡང་ཅིན་ སྐྱེས་བའི་ཨ་པ་ ཉེ་ཚན་ དེ་ལས་ བུ་བརྒྱུད་ཚུ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ བྱ་ངན་འབད་མི་གཞན་ཚུ་ ཁྱིམ་ཚང་དང་ བཟའ་ཚང་གིས་ངོ་ཤེས་མི་ དེ་ལས་ ཨ་ལོ་ཚུ་གིས་ དཔེ་བལྟ་མི་མི་ཚུ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ཞིབ་དཔྱད་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཨ་ལོ་ཚུ་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ རྩོད་བཤེར་ཁག་༤༥ ཐོན་ཡོད་མི་ལུ་ གཞི་བཞག་སྟེ་ བསྐྱར་ཞིབ་འབད་ཡོདཔ་ད་ བསྐྱར་ཞིབ་འབད་བའི་སྐབས་ བྱ་ངན་འབད་མི་ཚུ་ལུ་བཀལ་མི་ཉེས་ཁྲིམས་ལུ་ ཁྱད་པར་ཡོད་པའི་ཁར་ ལོག་བྱ་ངན་མི་འབད་ནིའི་དོན་ལུ་ ཐབས་ལམ་སྒྲིང་སྒྲི་ མིན་འདུག་ཟེར་ཨིན་པས།
བྱ་ངན་ཁག་༤༥ དེ་ཡང་ སྤྱི་ལོ་༢༠༠༩ ལས་༢༠༡༥ འི་བར་ན་འབད་མི་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྫོང་ཁག་༢༠ ལས་ཕར་ རྩོད་བཤེར་འབད་བའི་རྩོད་ཐོ་ཨིནམ་ད་ དེ་ཡང་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་མི་དང་ དབང་བཙོང་འབད་ནིའི་དཔའ་བཅམ་མི་ དེ་ལས་ ལོ་ན་མ་སྨིན་མི་ཚུ་ལུ་ དབང་བཙོང་ལུས་འབྲེལ་འབད་མི་ ལུས་འབྲེལ་འབད་ནིའི་དཔའ་བཅམ་མི་དང་ ལུས་འབྲེལ་རྩུབ་སྤྱོད་ཚུ་ཨིན་པས།
ལྷན་ཚོགས་ཀྱི་ཁྲི་འཛིན་ཨིན་མི་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ལོ་ན་ཆུང་ཀུ་ཚུ་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་མི་ཚུ་ལུ་ ཉེས་ཁྲིམས་ག་བཟུམ་བཀལ་ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་ ཞིབ་དཔྱད་ཆུང་ཀུ་ཅིག་ འབད་འབདཝ་ཨིན་ཟེར་བཤད་ཅི།
མོ་གིས་བཤད་མིའི་ནང་ དེ་བཟུམ་མའི་ བྱ་ངན་འབད་མི་ཚུ་ལུ་ ཉེས་ཁྲིམས་ཀྱི་དབྱེ་རིམ་ཚུ་ལུ་ ཁྲིམས་འཕྲི་སྣོན་འབད་བའི་སྐབས་ བསྒྱུར་བཅོས་འབད་ཡོད་རུང་ དམ་དམ་བཟོ་དགོཔ་འདུག་ཟེར་ཨིན་པའི་ཁར་ མོ་གིས་བཤད་མིའི་ནང་ དེ་བཟུམ་མའི་གནད་དོན་ནང་ རྩོད་བཤེར་འབད་བའི་སྐབས་ རྩོད་བཤེར་འབད་ནིའི་ ལམ་ལུགས་དེ་ནང་ཡང་ ཕྱི་རྒྱལ་གྱི་ ཞབས་ཏོག་ཐོག་ལས་འབད་ནིའི་ ཐབས་ལམ་ཚུ་ བཏོན་དགོཔ་འདུག་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ལྷན་ཚོགས་ཀྱིས་ ཨ་ལོ་དང་ཨམ་སྲུའི་དོན་ལུ་ ཕན་བདེའི་ཚོགས་ཆུང་བཟོ་སྟེ་ བྱ་ངན་ཚུ་ སྙན་ཞུ་འབད་ནིའི་དོན་ལུ་ རྫོང་ཁག་ག་རའི་ནང་ ཉེན་སྲུང་འགོ་དཔོན་རེ་ བཙུགས་ནིའི་འཆར་གཞི་ཡོད་ཟེར་ཨིན་པའི་ཁར་ དེ་གིས་ བྱ་ངན་མར་ཕབ་འབད་ཚུགས་པའི་ཁར་ མི་སྡེ་གིས་ཡང་ རྒྱབ་སྐྱོར་འབད་ཚུགས་ཟེར་ཨིན་པས།
ཨིན་རུང་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་མིའི་ནང་ ཁྲིམས་འདུན་ཚུ་གིས་ རྩོད་བཤེར་འབད་མི་དང་ ཉེས་ཁྲིམས་ཚུ་ ག་དེ་སྦེ་ར་ བཀལ་ཡོདཔ་ཨིན་ན་ཚུ་ གསལ་སྟོན་མེད་པའི་ཁར་ ལྷན་ཚོགས་ཀྱི་ ཁྲིམས་དོན་འགོ་དཔོན་ ཨོ་རྒྱན་མཚོ་མོ་གིས་འབད་བ་ཅིན་ ཞིབ་དཔྱད་དེ་ཡང་ ཡིག་ཚང་གིས་ ཁྱད་པར་ཚུ་ག་ཅིར་ཡོདཔ་ཨིན་ན་ཚུ་ བལྟ་ནིའི་དོན་ལུ་ འབད་དེ་ཡོད་ཟེར་ཨིན་པས།
མོ་གིས་བཤད་མའི་ནང་ སྤྱི་ལོ་༢༠༡༦ དེ་ཅིག་ཁར་ འགོ་འདྲེན་འཐབ་མི་ ཞིབ་དཔྱད་དེ་ཡང་ ཁྲིམས་དང་བསྟར་སྤྱོད་འབད་བའི་སྐབས་ ཁྱད་པར་ཚུ་ ག་ཅི་ར་ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ལྷན་ཚོགས་ཀྱི་མདོ་ཆེན་ ཀུན་བཟང་ལྷ་མོ་གིས་འབད་བ་ཅིན་ དེ་བཟུམ་མའི་ བྱ་ངན་བྱུངམ་ད་ རྒྱལ་ཁབ་ནང་ ཉེན་སྲུང་བཀག་ཐབས་འབད་ནིའི་ ལམ་ལུགས་ར་ སྒྲིང་སྒྲི་མིན་འདུག་ཟེར་ བཀོད་ཡོདཔ་ཨིན་པས།
མོ་གིས་ དེ་བཟུམ་མའི་ བྱ་ངན་ནང་ གདོང་ལེན་དང་ཁྱད་པར་ལེ་ཤ་ཡོད་མི་ཚུ་ མ་དངུལ་གྱི་ རྒྱབ་སྐྱོར་བྱིན་པ་ཅིན་ ཕན་ཐོགས་འོང་ནི་མས་ཟེར་ བཀོད་ཡོད་པའི་ཁར་ ཨོ་རྒྱན་མཚོ་གིས་འབད་བ་ཅིན་ ཞིབ་དཔྱད་འབད་བའི་སྐབས་ གོ་བརྡ་ལེགས་ཤོམ་སྦེ་ མ་སྤྲོད་པའི་ཁར་ ལུས་འབྲེལ་འབད་ནིའི་ ལོ་ཚད་སྐོར་ལས་ཡང་ ཁ་གསལ་སྦེ་ གོ་བརྡ་མ་སྤྲོད་པས་ཟེར་ཨིནམ་ད་ བྱ་ངན་འབད་མི་ལ་ལོ་གིས་ ལོ་ཚད་དེ་ཡང་ མོས་མཐུན་ཐོག་ལས་ འབད་དོ་ཡོདཔ་སྦེ་ ཁྲིམས་འདུན་ལུ་ ཞུ་མི་ཡང་ འདུག་ཟེར་ཨིན་པས།
ཨ་ལོ་ཚུ་ལུ་ དབང་བཙོང་འདོད་སྤྱོད་འབད་མི་ཚུ་ཡང་ ཁྲོམ་སྡེ་དང་ གྲོང་གསེབ་གཉིས་ཆ་རའི་ནང་ ཡོད་པའི་སྙན་ཞུ་ཡོདཔ་ད་ བྱ་ངན་གྱི་ ཉམས་རྒུདཔ་མང་ཤོས་ར་ འོང་འབབ་ཆུང་བའི་བཟའ་ཚང་གི་ བུམོ་ཚུ་ཡོད་པའི་ ངོས་འཛིན་བྱུང་ནུག།
ཀུན་བཟང་ལྷ་མོ་གིས་འབད་བ་ཅིན་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ ཨ་ལོ་ཚུ་ལུ་ རྩུབ་སྤྱོད་དང་འབྲེལ་བའི་གསལ་བཤད་འབད་བའི་སྐབས་ ལོ་ཚད་༡༣ ལས་༡༧ བར་ན་འབད་མི་ བུམོ་བརྒྱ་ཆ་༦༠ གིས་ རྩུབ་སྤྱོད་སྣ་ཚོགས་མྱོང་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིནམ་ད་ རྩུབ་སྤྱོད་ཐད་ཁར་ལྷོདཔ་ད་ གཞུང་དང་ བློན་པོ་ དེ་ལས་ འབྲེལ་བ་ཡོད་པའི་ ཡིག་ཚང་ཚུ་གིས་ ལཱ་འབད་མ་འབད་ལུ་མེན་པར་ རང་སོའི་ཁྱིམ་ནང་ སྡོད་པའི་སྐབས་ ག་དེ་སྦེ་ གོ་བརྡ་ཚུ་ སྤྲོད་དགོཔ་ཨིན་ན་ཚུ་ལུ་ བཅུད་བསྡུ་བས་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ ད་རེས་ སྤྱི་ཟླ་༡ པ་ལས་༤ པའི་བར་ན་ རྩུབ་སྤྱོད་སྣ་ཚོགས་ནང་ ཉམས་རྒུད་བྱུང་ཡོད་མི་ ཨ་ལོ་དང་ ཨམ་སྲུ་ཚུ་དང་འབྲེལ་བའི་ གནད་དོན་ཁག་༣༡ ཐོ་བཀོད་འབད་ཡོད་མི་ལུ་ ལྟ་བའི་བསྒང་ཡོདཔ་ད་ ལྷན་ཚོགས་ཀྱིས་ ཉམས་རྒུདཔ་ཚུ་ལུ་ གྲོགས་རམ་དང་ བསླབ་སྟོན་འབད་ནིའི་དོན་ལུ་ སྤྱོད་ཁྲལ་མ་ཕོག་པའི་ བརྒྱུད་འཕྲིན་ཨང་༡༠༩༨ དུས་རྒྱུན་དུ་ སྒོ་ཕྱེས་ཏེ་ ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།