དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལཔོ་རིམ་བྱོན་ཚུ་ལུ་ གུས་བཏུད་དང་ བཀའ་དྲིན་ལེགས་འབུལ།

༉ འབྲུག་མི་ཡོངས་ལུ་ ག་ནི་བ་ རྩ་ཆེ་བའི་ ཁྱད་པར་ཅན་གྱི་ཉིནམ་ རྒྱལ་ཡོངས་དུས་ཆེན་འདི་ ད་རིས་ ལྷོ་མཚམས་རྫོང་ཁག་ཚུ་གི་གྲས་ལས་ མི་རློབས་དང་ སའི་ཁྱབ་ཚད་ལས་བཅད་རུང་ རྫོང་ཁག་སྦོམ་ཤོས་ཅིག་ཨིན་མི་ བསམ་རྩེ་ལུ་ མི་དབང་ཡབ་མེས་སྲས་གསུམ་ འཛོམས་ཐོག་ལུ་ བརྩི་སྲུང་ཞུཝ་ཨིན།
དཔལ་ལྡན་འབྲུག་པའི་ མངའ་འབངས་སུ་སྐྱེས་པའི་ འབྲུག་མི་ཡོངས་ལུ་ དུས་བསྐལ་བཟང་པོའི་ཉིནམ་ ཁྱད་པར་ཅན་དེ་ བརྩི་སྲུང་ཞུ་ནིའི་དོན་ལུ་ བསམ་རྩེའི་མི་སེར་ཚུ་ སག་ལང་སྟེ་ བསྒུགས་སྡོད་པའི་མཐའ་མར་ ད་རེས་ རྫོང་ཁག་གི་ རྟེན་འབྲེལ་ཐང་ནང་ མི་སེར་༢༠,༠༠༠ ལྷགཔ་ཅིག་ སྤུངས་འཛོམས་འབད་ནིའི་ རེ་བ་འདུག།
མ་གཞི་ བསམ་རྩེ་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ མི་སེར་ཚུ་དང་གཅིག་ཁར་ སྤྱི་ལོ་༡༩༨༡ དང་༡༩༩༡ དེ་ལས་ སྤྱི་ལོ་༢༠༠༢ འབདཝ་ད་ རྒྱལ་ཡོངས་དུས་ཆེན་ཐེངས་༣ བརྩི་སྲུང་ཞུ་གནང་ཡོད་རུང་ རྒྱས་ཡོངས་དུས་ཆེན་ཐེངས་༡༡༡ པ་འདི་ ནམ་ཡང་བརྗེད་པར་ཕངས་པའི་ དུས་སྟོན་ཁྱད་པར་ཅན་སྦེ་ རྒྱལ་རབས་ནང་ ཚུད་ནི་ཨིན་མི་དེ་ཡང་ དུས་ཆེན་དེ་ བསམ་རྩེ་ལུ་ མི་དབང་ཡབ་མེས་སྲས་གསུམ་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ མི་དབང་རྒྱལ་བཙུན་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ལྷན་འཛོམས་ཐོག་ ད་རེས་ འགོ་དང་པ་ བརྩི་སྲུང་གནང་མི་ལུ་བརྟེན་ཨིན།
དེ་གི་ནང་དོན་ཉིད་ལས་ དུས་ཅི་ལས་ རྒྱལ་ཡོངས་དུས་ཆེན་དེ་ ཨ་རྟག་དང་མ་འདྲཝ་སྦེ་ བརྩི་སྲུང་ཞུ་ནིའི་དོན་ལུ་ ལས་རིམ་དང་ རྩེད་རིགས་ལ་སོགས་པ་ སྤྲོ་བ་ཆེ་ཏོག་ཏོ་ བཟོ་མི་དེ་ཡང་ དུས་ཆེན་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་དང་ རྒྱབ་ཁུངས་ཚུ་ སྤྱིར་བཏང་མི་སེར་དང་ ལྷག་པར་དུ་ ད་རེས་ནངས་པའི་ ན་གཞོན་ཚུ་ལུ་ ཤེས་རྟོགས་ཡོདཔ་བཟོ་ཐོག་ལས་ འདས་པའི་དུས་རབས་ཀྱི་ བཀའ་དྲིན་ཅན་གྱི་གོངམ་ ཡབ་མེས་དམ་པ་ཚུ་ལུ་ དུས་བསྐལ་བཟང་པོ་ གཞི་འཛུགས་གནང་མི་ལུ་ རྗེས་དྲན་གུས་བཏུད་ཞུ་ནི་དང་ ད་རེས་ནངས་པར་ རྒྱལ་ཁབ་ནང་ དགའ་སྐྱིད་དཔལ་གྱིས་ཕྱུག་པའི་ གནས་སྟངས་ལེགས་བསྒྱུར་བྱུང་ཡོད་མི་ལུ་ ལྷག་བསམ་རྣམ་དཀར་དད་མོས་ཀྱི་ བཀའ་དྲིན་ལེགས་འབུལ་གྱི་ དུས་བསྐལ་བཟང་པོ་ཅིག་ཨིན་པའི་ དྲན་གསོ་འབད་ཐབས་ལུ་ཨིན།
སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ འབྲུག་འདི་ སྔོན་དང་ཕུ་ལས་ར་ སྟོབས་ཆེན་རྒྱལ་ཁབ་ག་གི་ མངའ་འོག་ལུ་ཡང་ མིང་ཙམ་ཅིག་ར་ མ་ཚུད་པར་ རང་དབང་གཙང་མའི་ རྒྱལ་ཁབ་ཆུང་ཀུ་ཅིག་སྦེ་ གནས་ཏེ་འབད་རུང་ མི་ལོ་༡༡༡ གི་ཧེ་མར་ འབྲུག་ནང་འཁོད་ལུ་ མངའ་སྡེ་དང་ ལུང་ཕྱོགས་རེ་རེའི་ནང་ དབང་ཆེའི་དཔོན་དང་ མི་དྲག་རེ་རེ་གིས་ དབང་གནོན་ཐོག་ལུ་ སྤྱིར་བཏང་གི་ མི་སེར་ལུ་ བརྡབ་གསིག་དང་ དཀའ་སྡུག་གི་ངང་ལུ་ བྱ་སྟབས་མ་བདེ་བའི་ གནས་སྟངས་ཐོག་ལུ་ གནས་ཡོད་རུང་ སྤྱི་ལོ་༡༩༠༧ ཟླ་༡༢ པའི་ཚེས་༡༧ ལུ་ དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལཔོ་དང་པ་ དབུ་བརྙེས་པའི་ ཉིན་མ་ལས་ རྒྱལ་ཁབ་ཀྱི་འབངས་མི་ལུ་ དགའ་སྐྱིད་ཀྱི་ དུས་བསྐལ་གསར་པའི་ ཉིམ་ཤར་ཏེ་ རྒྱལ་ཁབ་ནང་ ཞི་བདེ་དང་ རང་བཙན་གཙང་མའི་ གཞི་རྟེན་སྒྲིང་སྒྲི་བཟོ་གནང་ནུག།
ལྷག་པར་དུ་ འབྲུག་གི་ལྷ་མིའི་སྲིད་སྡེ་ཡོངས་ཀྱི་ བསོད་ནམས་ཀྱི་ གོ་སྐལ་ལུ་ བྱང་སེམས་མིའི་གཟུགས་སུ་བྱོན་པ་ དཔལ་ལྡན་འབྲུག་པའི་ ནང་གི་ནོར་བུ་ སྤྱི་གཙུག་གི་ཉི་ཟླ་དང་ སྐྱབས་མགོན་གཅིག་པུར་གྱུར་པ་ མཚན་ནས་བརྗོད་པར་དཀའ་བ་ མི་དབང་ཡབ་སྲས་རྣམ་གཉིས་ཀྱི་ མཛད་པ་འཕྲིན་ལས་ཀྱིས་ ཁ་རྗེ་ཅན་གྱི་ འབངས་འཁོར་ཡོངས་ལུ་ ཐ་ན་ གཟུགས་ཁམས་འཕྲོད་བསྟེན་ལས་འགོ་བཟུང་ མི་སེར་རེ་རེ་བཞིན་དུ་ལུ་ གཅེས་སྐྱོང་གི་ ཐུགས་བསྐྱེད་བླ་ན་མེད་པ་དང་ རྒྱལ་ཁབ་ཞི་བདེའི་ངང་ལུ་ ཡུན་བརྟན་གནས་ཐབས་ལུ་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་སྒྲིང་སྒྲི་བཟོ་གནང་སྟེ་ འབངས་མི་སེར་ཚུ་ བློ་བདེའི་ཉམས་སྣང་ལུ་ བདེ་བར་བཀོད་པའི་ མཛད་རྣམ་ལུ་ ད་རིས་ ཉིནམ་ཁྱད་པ་ཅན་འདི་ནང་ འབྲུག་མི་ཡོངས་ཀྱིས་ ལྷག་བསམ་རྣམ་དག་གི་ དད་མོས་ཐོག་ལས་ བསམ་ཡུལ་ལས་འདས་པའི་ བཀའ་དྲིན་གྱི་ གུས་བཏུད་ཞུ་དགོཔ་ཨིན།
ང་བཅས་ཀྱིས་ རྒྱལ་ཡོངས་དུས་ཆེན་ལུ་ བརྩི་མཐོང་བསྐྱེད་ནི་དང་ འདས་པའི་དཀའ་འཚེ་ཅན་གྱི་ དུས་རབས་ལུ་ བསམ་ཞིབ་དྲན་ཚོར་དང་ དགའ་སྐྱིད་དཔལ་གྱི་ ཉིམ་ཤར་ནི་ འགོ་བཙུགས་ཏེ་ ད་ལྟོ་ཚུན་ཚོད་ ལོངས་སྤྱོད་བཞིན་པ་ལུ་ བཀའ་དྲིན་བསམ་ནི་དང་ གུས་བཏུད་ཞུཝ་དང་གཅིག་ཁར་ རྒྱལ་ཁབ་དང་ མི་སྡེའི་མཐའ་དོན་ལུ་ དགའ་སྡུག་ག་ཅི་བཟུམ་བྱུང་རུང་ རང་སྲོག་ལུ་ ཐུག་དགོ་རུང་ ཕངས་ལྟོས་མེད་པར་ ཕྱག་ཕྱིད་ཞུ་ནིའི་ སེམས་ཤུགས་གཅིག་སྒྲིལ་གྱི་དམ་བཅའ་ ལྷོད་ཡང་འགྱུར་ལྡོག་མེད་པར་ ཞུ་དགོཔ་དེ་ཡང་ ཧ་ཅང་གིས་གལ་ཆེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *