༉ དབང་པོ་སྐྱོན་ཅན་ཚུ་ལུ་ དབང་ཆ་བྱིན་ནིའི་དོན་ལས་ འདས་པའི་ལོ་དག་པ་ཅིག་གི་རིང་ ཉིནམ་བརྩི་སྲུང་འབད་ཡོད་རུང་ ཁོང་གི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ ལངམ་སྦེ་མེདཔ་ཨིན་པས།
གནད་དོན་དེའི་སྐོར་ལས་ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ ཉིནམ་བརྩི་སྲུང་འབད་བའི་སྐབས་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ དབང་པོ་ལུ་སྐྱོན་ཡོད་མི་ཚུ་ མང་ཤོས་ར་ ཁྱིམ་ནང་བཞག་དོ་ཡོད་རུང་ དུས་ཀྱི་འགྱུར་བ་དང་འཁྲིལཝ་ད་ ཁོང་ཆ་ཁྱབ་ དོན་སྨིན་ཅན་གྱི་མི་ཁུངས་སྦེ་ བཟོ་ནིའི་དུས་ཚོད་ རན་ནུག་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ དབང་པོ་སྐྱོན་ཅན་ཅིག་གིས་ ལཱ་གཡོག་འབད་དགོ་པ་ཅིན་ འབྲུག་པའི་གཙུག་སྡེ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ བཙུགས་ཏེ་མིན་འདུག་ཟེར་ཨིནམ་ད་ གནས་སྟངས་དེ་ དེ་སྦེ་ར་བཞག་པ་ཅིན་ དཀའ་ངལ་བསལ་ནི་མེན་པར་ ཉིནམ་བརྩི་སྲུང་འབད་དེ་ར་ སྡོད་དགོཔ་འོང་ཟེར་བཤད་ཅི།
དཀའ་ངལ་སེལ་ཐབས་དོན་ལུ་ ཐབས་ཤེས་བཏོན་དགོཔ་འོང་ཟེར་ཨིནམ་ད་ གཞུང་གིས་འབད་རུང་ དབང་པོ་སྐྱོན་ཅན་ཚུ་ལུ་ དབང་ཆ་བྱིན་དགོ་པ་ཅིན་ མཐུན་རྐྱེན་ཚུ་བྱིན་ནི་དེ་ ཁག་ཆེ་ཟེར་བཤད་ཅི།
དབང་པོ་སྐྱོན་ཅན་ཚུ་གི་མཐའ་དོན་ལུ་ གཞུང་གིས་ ཤེས་རིག་ལྷན་ཁག་དང་ ཞི་བའི་མི་སྡེ་ལས་ཚོགས་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་ལུ་ ལྟ་བའི་བསྒང་ཡོད་ཟེར་ཨིན་པའི་ཁར་ འབྲུག་ལུ་ དབང་པོ་སྐྱོན་ཅན་ཚུ་གིས་ ལཱ་འབད་དགོ་པ་ཅིན་ ལཱ་གི་ས་ཁོངས་ནང་ མཐུན་རྐྱེན་ཚུ་ མིན་འདུག་ཟེར་ཨིན་པས།
བློན་པོ་གིས་ མོ་རའི་ སྐྱེས་ལོ་༣ ལང་མི་ བུ་གི་གནས་སྟངས་ལུ་གཞི་བཞག་སྟེ་ དབང་པོ་སྐྱོན་ཅན་ཚུ་གི་ གནས་སྟངས་སྐོར་ལས་བཤད་དོ་བཟུམ་འབད་བ་ཅིན་ དབང་པོ་སྐྱོན་ཅན་ཨ་ལོ་ཚུ་གིས་ ལྷབ་སྦྱང་འབད་ཐངས་ སོ་སོར་ཡོད་དེ་འབད་རུང་ འབྲུག་གི་གཙུག་སྡེ་ཚུ་ནང་ མཐུན་རྐྱེན་དེ་ཚུ་ མིན་འདུག་ཟེར་ཨིན་པས།
འབྲུག་ལུ་འབད་བ་ཅིན་ དབང་པོ་སྐྱོན་ཅན་ཚུ་གི་གྲས་ལས་ མིག་ཏོ་མ་མཐོང་མི་དང་ རྣམ་ཅོ་མ་གོ་མི་སྐྱོན་དེ་ མཐོ་ཤོས་ཡོདཔ་ལས་ གཞུང་གིས་ ཁོང་ཡང་ མིའི་གྲས་ཁར་ ཚུད་ནིའི་འཆར་གཞི་ བཟོ་དགོཔ་འདུག་ཟེར་ཨིན་པས།
ཁོང་ལུ་ གོ་སྐབས་བྱིན་པ་ཅིན་ ག་ར་ལུ་ ལྕོགས་གྲུབ་ཡོད་ཟེར་ བློན་པོ་གིས་ བཤད་པའི་ཁར་ དཀའ་ངལ་དེ་ རྒྱལ་སྤྱིའི་དཀའ་ངལ་སྦེ་ ངོས་འཛིན་འབད་དེ་ བཞག་ནི་མེན་པར་ གཅིག་གིས་གཅིག་ལུ་ གྲོགས་རམ་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་གིས་ དབང་པོ་སྐྱོན་ཅན་གྱི་ དཀའ་ངལ་དེ་ ལོ་ཚད་ག་རའི་ནང་ ཐོབ་དོ་ཡོདཔ་ལས་ སྲིད་བྱུས་དང་འཆར་གཞི་ནང་ཚུད་ནི་དེ་ གལ་ཆེ་བས་ཟེར་བཤད་ཅི།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ དབང་པོ་སྐྱོན་ཅན་ཚུ་ལུ་ ངོས་འཛིན་ཡོད་པའི་རྟགས་ལུ་ སྨན་ཁང་གིས་ ཁོང་ལུ་ རྐང་ཁྲི་འཁོར་ལོ་ཅནམ་ཚུ་ བྱིན་དོ་ཟེར་ཨིན་པའི་ཁར་ ད་རེས་ནངས་པར་ ཁོང་ལུ་ སྤྱིར་བཏང་མི་ཚུ་བཟུམ་སྦེ་ གོ་སྐབས་འདྲ་མཉམ་སྦེ་ སྤྲོད་དོ་ཟེར་བཤད་ཅི།
དབང་པོ་སྐྱོན་ཅན་ཚུ་ལུ་ དུས་རྒྱུན་གྱི་ལཱ་འབད་ནིའི་ནང་ དཀའ་ངལ་དང་ གདོང་ལེན་ཚུ་འོང་ནི་ཨིན་རུང་ གཞུང་གིས་ གྲོགས་རམ་ཚུ་ ག་དེ་དྲག་དྲག་འབད་དོ་ཟེར་ཨིནམ་ད་ ད་ལས་ཕར་འབད་རུང་ གྲོགས་རམ་ཚུ་ འཕྲོ་མཐུད་དེ་ འཐོབ་ཚུགས་ཟེར་ གཙོ་འཛིན་གྱིས་བཤད་ཅི།
རྐང་ཁྲི་འཁོར་ལོ་ཅནམ་ཐོག་ལས་ སྡོད་དགོ་མི་ ཀུན་ལེགས་ཀྱིས་ བཤད་མིའི་ནང་ ཁོ་ར་ དབང་པོ་ལུ་ ཐོ་ཕོག་ནི་དེ་གིས་ མི་སྡེའི་དོན་ལུ་ ཕན་ཐོགས་པའི་ལཱ་རེ་འབད་དགོ་མནོ་རུང་ ལུས་ཀྱིས་འབད་མི་ཚུགས་པས་ཟེར་ཨིནམ་ད་ ཁོ་ར་ འཕྲལ་འཕྲལ་ར་ སྨན་ཁང་ནང་ སྨན་བཅོས་འབད་བར་ འོང་དགོཔ་ལས་ ཁྱིམ་གྱི་གྲོགས་རམ་ཅིག་ དགོཔ་ཡོད་ཟེར་བཤད་ཅི།
ཉིནམ་བརྩི་སྲུང་དང་འབྲེལ་ ཁ་ཙ་ དབང་པོ་སྐྱོན་ཅན་༡༦ གིས་ འདོད་འབུམ་ལམ་བདའ་སྟེ་ རྐང་ཁྲི་འཁོར་ཅནམ་གི་ཐོག་ལས་ རྒྱུག་འགྲན་གྱི་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་པའི་སྐབས་ ཁ་ས་གྲབ་ཅུ་འབྲིང་རིམ་སློབ་གྲྭ་བར་མ་ལས་ སྐྱེས་ལོ་༢༠ ལང་མི་ རིན་ཆེན་རྡོ་རྗེ་གིས་ ཨང་དང་པ་ཐོན་ཏེ་ དངུལ་རྐྱང་གི་གསོལ་རས་དངུལ་ཀྲམ་༧,༠༠༠ ཐོབ་ཅི།
རིན་ཆེན་རྡོ་རྗེ་ཁོ་ར་ ཆུང་ཀུའི་བསྒང་ལས་ར་ རྐངམ་གཉིས་ལུ་སྐྱོན་ཕོག་ཡོདཔ་ལས་ སྤྱི་ལོ་༢༠༡༥ ལུ་ གཤག་བཅོས་འབད་དེ་ བཏོགས་བཏང་ཡོདཔ་ད་ ད་རེས་ ཁོ་ར་ སློབ་རིམ་༡༠ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
ཁོ་ར་ ཟླཝ་༣ གྱི་ཧེ་མར་ མཁལ་རྡོག་ནང་ལས་ རྡོ་བཏོན་གཏང་ནིའི་དོན་ལུ་ གཤག་བཅོས་འབད་ཡོདཔ་ལས་ འགྲན་བསྡུར་ནང་ལས་ ཨང་དང་པ་འཐོན་ནིའི་ རེ་བ་མེད་ཟེར་ཨིན་པས།
ཁོ་རའི་ཨའི་དེ་ སློབ་གྲྭ་དེ་ནང་ སྐྱིད་སྡུག་ཐོག་ལས་ ཕྱགསམ་འཕྱག་མིའི་ ལཱ་འབད་དོ་ཡོདཔ་ད་ ཁོ་ར་ ཕམ་ཡ་བྲལ་གྱི་བུ་གཞི་ཨིནམ་ལས་ ཉིནམ་བརྩི་སྲུང་གི་ལས་རིམ་མཇུག་ལུ་ ཁོ་རའི་ཨའི་ལུ་ རྐྱེན་བར་ཆད་འབྱུང་མ་བཅུག་ཟེར་བའི་ ཞབས་ཁྲ་འཐེན་མི་དེ་གིས་ དེ་ཁར་འཛོམས་མི་ཚུ་ སེམས་འཁྲུལ་ལྷང་ལྷང་བཟོ་ཡི།
སྐྱེས་ལོ་༤༢ ལང་མི་ ངང་ལམ་བདེ་ཆེན་ཆོས་གླིང་ལས་ཨིན་མི་ ཆོས་ཉིད་རྡོ་རྗེ་དེ་ ལོ་༦ དེ་ཅིག་གི་ཧེ་མར་ འཕྲུལ་གླང་པ་ཝར་ཊི་ལར་བཏང་སྡོདཔ་ད་ ཐུག་རྐྱེན་བྱུང་སྟེ་ གཟུགས་སྤར་མ་ཚུདཔ་ཐལ་བའི་ཤུལ་ལས་ གནས་ཚང་གིས་ བཀོག་བཞག་ནི་དེ་གིས་ ད་རེས་ ཁོ་རའི་སྲིངམོ་དང་གཅིག་ཁར་ སྤ་རོ་ལུ་ སྡོད་དོ་ཡོདཔ་ཨིན་པས།
ཉིནམ་བརྩི་སྲུང་གི་དོན་ལུ་ ཁ་ཙ་ སྤ་རོ་ལས་ གླ་འཁོར་ནང་འཛུལ་འོང་ཡོདཔ་ལས་ ཁོ་གིས་ རྒྱུག་འགྲན་སྐབས་ གསོལ་རས་མ་ཐོབ་རུང་ ཁོ་བཟུམ་སྦེ་ དབང་པོ་ལུ་ སྐྱོན་ཡོད་མི་ཚུ་དང་ཕྱད་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་བཤད་ཅི།
ཁ་ས་གྲབ་ཅུ་ལས་ཨིན་མི་ སྐྱེས་ལོ་༥༢ ལང་མི་ བཙན་སྐྱོགས་དབང་མོ་དེ་ ལོ་༢༠ གི་ཧེ་མར་ ཚལ་མ་ནང་ ཤིང་འཐུ་བར་འགྱོཝ་ད་ འབུད་འགྱོ་བའི་ཤུལ་ལས་ གཟུགས་ཕྱེད་ཀ་ཅིག་ སྤར་མ་ཚུགསཔ་ཐལ་ཡོདཔ་ལས་ མོ་རའི་བུམོ་ སྦོམ་ཤོས་ཀྱིས་ ཉིནམ་བརྩི་སྲུང་དོན་ལུ་ ཁྱིད་འོང་ནུག།
ཉིནམ་དེ་ གསོ་བའི་ལྷན་ཁག་ནང་སྦེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ལུས་སྦྱོང་སྡེ་ཚན་གྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལུས་སྦྱོང་སྡེ་ཕྲན་གྱི་ ལུས་སྦྱོང་མཁས་མཆོག་ ཀརྨ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཉིནམ་བརྩི་སྲུང་དོན་ལུ་ ཁོང་དང་གཅིག་ཁར་ དབང་པོ་ལུ་སྐྱོན་ཡོད་མི་ཚུ་གི་ ཐོ་དང་འཁྲིལ་ཏེ་ འབྲེལ་བ་འཐབ་ཡོད་རུང་ ག་ར་གིས་ འོང་མ་ཚུགས་པས་ཟེར་ཨིན་པས།
རྒྱུག་འགྲན་ནང་ལས་ ཨང་དང་པ་དང་༢ པ་ དེ་ལས་༣ པ་ཐོན་མི་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་དང་ བཅའ་མར་གཏོགས་གཞན་མི་ཚུ་ལུ་ སེམས་གསོའི་གསོལ་རས་དངུལ་རྐྱང་དང་ ལག་ཁྱེར་ཚུ་ བྱིན་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།