༉ འབྲུག་དབང་པོ་སྐྱོན་ཞུགས་ཚོགས་སྡེ་ལས་ ལུས་རྩལཔ་༢ ཨིན་ཌོ་ནེ་ཤི་ཡའི་ རྒྱལ་ས་ཇ་ཀར་ཏ་ལུ་ དབང་པོ་སྐྱོན་ཅན་གྱི་ ཨེ་ཤི་ཡའི་ རྩེད་འགྲན་༣ པའི་ནང་ འགོ་དང་པ་ བཅའ་མར་གཏོགས་ནིའི་ལུ་ སྤྱི་ཟླ་༡༠ པའི་ཚེས་༢༠ ལུ་ འབྲུག་ལས་ སོང་ཡོདཔ་ད་ རྩེད་འགྲན་དེ་ སྤྱི་ཟླ་༡༠ པའི་ས་༦ ལས་༡༣ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།
འབྲུག་ཨོ་ལོམ་པིག་ཚོགས་སྡེ་ལས་ གནས་ཚུལ་གསར་བཏོན་ནང་ འབྲུག་པའི་ལུས་རྩལཔ་ པདྨ་རིག་གསལ་དང་ ཀུན་ལེགས་སྒྲོལམ་༢ ཀྱིས་ འབྲུག་རྒྱལ་ཁབ་ཀྱི་ ཁ་ཐུག་ལས་ རྩེད་རིགས་སྣ་ཚོགས་ནང་ བཅའ་མར་གཏོགས་ནི་ཟེར་ བཀོད་ཡོདཔ་ད་ རྩེད་རིགས་ཚུ་ནང་ རྒྱལ་ཁབ་༤༣ ལས་ དབང་པོ་སྐྱོན་ཅན་གྱི་ ལུས་རྩལཔ་༤,༠༠༠ གིས་ རྟགས་མ་༥༨༡ གི་དོན་ལུ་ དོ་འགྲན་འབད་ནི་ཨིན་པས།
དབང་པོ་ལུ་ ཐོ་ཕོག་མི་ སྐྱེས་ལོ་༣༠ ལང་མི་ པདྨ་རིག་གསལ་གྱིས་ འབྲུག་མདའ་རྩེད་ཚོགས་སྡེ་དང་གཅིག་ཁར་ སྤྱི་ལོ་༢༠༡༧ ལས་ སྦྱོར་བརྡར་འབད་ཡོདཔ་ད་ ཁོ་གིས་ རིང་ཚད་མི་ཊར་༧༠ འབད་མི་ རྐང་ཁྲི་འཁོར་ལོ་ཅནམ་ཐོག་ མདའ་རྩེད་འགྲན་བསྡུར་ནང་ དོ་འགྲན་འབད་ནི་ཨིན་པས།
མདའ་རྩེདཔ་དེ་ ད་རེས་འགོ་དང་པ་ རྒྱལ་སྤྱིའི་རྩེད་རིགས་ནང་ བཅའ་མར་གཏོགས་དོ་ཡོདཔ་ལས་ རྒྱལ་ཁབ་ཀྱི་དོན་ལུ་ རྟགས་མ་ཅིག་ འབག་འོང་ནིའི་ རེ་བ་འདུག་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་བཟུམ་སྦེ་ ཀུན་ལེགས་སྒྲོལམ་གིས་ རིང་ཚད་མི་ཊར་༡༠ འབད་མི་ རྐང་ཁྲི་འཁོར་ལོ་ཅནམ་ཐོག་ ཀྲོབ་མདའ་རྐྱབ་ནིའི་ནང་ དོ་འགྲན་འབད་ནི་ཨིནམ་ད་ མོ་གིས་ སླབ་མིའི་ནང་ མོ་ར་ རང་རྐྱང་སྦེ་ སྡོདཔའི་ཤུལ་ལས་ ཀྲོབ་མདའ་རྐྱབ་ནིའི་ དོ་འགྲན་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་འཐོབ་ནི་གི་ མནོ་བསམ་ར་ མ་བཏང་ཟེར་ཨིནམ་ད་ ད་རེས་ གོ་སྐབས་ཐོབ་མི་ལུ་ སེམས་དགའ་ཡོདཔ་མ་ཚད་ མོ་གི་ ཁ་ཐུག་ལས་ རྩ་འགེངས་ཏེ་ དོ་འགྲན་འབད་ནི་ཟེར་ བཤདཔ་ཨིན་པས།
འབྲུག་དབང་པོ་སྐྱོན་ཞུགས་ཚོགས་སྡེ་དེ་ སྤྱི་ལོ་༢༠༡༧ ལུ་ གཞི་བཙུགས་འབད་བའི་ཤུལ་ལུ་ རྒྱལ་སྤྱི་དབང་པོ་སྐྱོན་ཞུགས་ཚོགས་སྡེ་དང་ ཨེ་ཤི་ཡཱན་ དབང་པོ་སྐྱོན་ཞུགས་ཚོགས་སྡེའི་གྲངས་སུ་ འཛུལ་ཞུགས་འབད་ཡོད་པའི་གནས་ཚུལ།

འབྲུག་གི་ལུས་རྩལཔ་༢ ཀྱིས་ དབང་པོ་སྐྱོན་ཅན་གྱི་ ཨེ་ཤི་ཡའི་ རྩེད་འགྲན་ནང་ འགོ་དང་པ་ བཅའ་མར་གཏོགས་པར་ འགྱོ་བའི་བསྒང་།