དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་དོན་ལས་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་བྱིན་དོ་ཡོདཔ།

༉ རྩི་རང་རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ དབང་པོ་ཐོ་ཕོག་མི་ཚུ་ལུ་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ འོས་འབབ་ཚུ་ བཟོ་དོ་ཡོདཔ་ད་ རྫོང་ཁག་ནང་ ཚོགས་རྒྱན་བཙུགས་ནིའི་ ཁྱད་ཚད་ལྡན་པའི་ དབང་པོ་སྐྱོན་ཅན་༢༤༠ དེ་ཅིག་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ འགོ་ཐོག་བཙག་འཐུའི་སྐབས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ བཙག་འཐུ་ཤེས་ཡོན་བྱིནམ་ད་ དམིགས་བསལ་དུ་ དབང་སྐྱོན་ཅན་ཚུ་ལུ་ གཙོ་རིམ་བཟུང་ཡོདཔ་ད་ ཁོང་ལུ་ ཚོགས་རྒྱན་ཤེས་ཡོན་ལས་རིམ་དེ་ཡང་ ལྷོད་ཚུགསཔ་དང་ ལྷོད་མ་ཚུགས་པའི་ ས་གོ་གཉིས་ཆ་ར་ནང་ འགོ་འདྲེན་འཐབ་ནུག།

སྤྱི་ཟླ་༩ པའི་ཚེས་༡༥ ལུ་ འགོ་ཐོག་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ དབང་པོ་སྐྱོན་ཅན་༢༤༠ ཡོད་མི་གྲས་ལས་༨༤ གིས་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་ཡང་ མང་ཤོས་ར་ ཚོགས་རྒྱན་འགོ་དང་པ་ བཙུགས་ཡོདཔ་ད་ དེ་ཡང་ སྐྱེས་ལོ་༡༨-༢༤ འབད་མི་༢ དང་ སྐྱེས་ལོ་༢༥-༤༥ བར་ན་འབད་མི་༣༡ དེ་ལས་ སྐྱེས་ལོ་༤༦-༦༠ ལང་མི་༢༤ དང་ སྐྱེས་ལོ་༦༡ ཡན་ཆད་འབད་མི་༢༧ གྱིས་ ཚོགས་རྒྱན་བཙུགས་ནུག།

དེ་ལས་ མི་༢༤ དེ་ ཁ་སླབ་མ་ཤེས་མི་དང་༢༡ ཁ་སླབ་མ་ཤེས་མི་ དེ་ལས་ རྣམ་ཅོག་མ་གོ་མི་༡༩ དང་ མིག་ཏོ་མ་མཐོང་མི་༦ ཡོདཔ་ཨིན་པས།

དེ་བཟུམ་སྦེ་ མི་༥ གིས་ ལམ་འགྱོ་མི་ཚུགས་དོ་ཡོདཔ་ད་ རྣམ་ཅོག་དང་ ཁ་སླབ་་མ་ཤེས་མི་༤ དེ་ལས་ བློ་རིག་མེད་མི་༤ དང་ དབང་པོ་སྐྱོན་ཅན་ཅིག་ ལམ་འགྱོ་མི་ཚུགསཔ་ཨིན་པས།

རྫོང་ཁག་བཙག་འཐུ་འགོ་དཔོན་ སྐྱིད་པ་བཟང་པོ་གིས་ མིག་ཏོ་ལུ་ཐོ་ཕོག་མི་ སྤུན་ཆ་ཚུ་ འགོ་ཐོག་བཙག་འཐུ་ནང་ འོང་མ་ཚུགས་མི་ཚུ་ ད་རེས་ འབོ་སྟེ་ཡོད་ཟེར་ བཤད་པའི་ཁར་ སྤུན་ཆ་ཚུ་ལུ་ ཁོང་རའི་ སྤུན་ཆ་དབང་པོ་སྐྱོན་ཅན་ཚུ་ ཚོགས་རྒྱན་བཙུགས་སར་ ཁྱིད་འོང་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ ག་ར་གིས་ ཚོགས་རྒྱན་བཙུགས་ནིའི་ སྤྲོ་བ་བསྐྱེད་དེ་ཡོད་རུང་ ཚོགས་རྒྱན་ས་ཁོངས་ནང་ འོང་ནི་ལུ་ བདེ་སྒྲིག་འབད་ཡོདཔ་མ་གཏོགས་ ཨིན་ཅི་མིན་ཅི་ ཚོགས་རྒྱན་བཙུགས་དགོཔ་སྦེ་ ཨུ་ཚུགས་རྐྱབ་ནི་མེད་ཟེར་ཨིན་པས།

སེམས་ལྗོངས་རྒེད་འོག་ནང་ དབང་པོ་སྐྱོན་ཅན་༤༢ ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ གོ་གསེར་གླིང་རྒེད་འོག་ནང་༣༦ གསེར་གྱི་ཐང་རྒེད་འོག་ནང་༢༨ དེ་ལས་ བར་གཤོང་དང་ པད་ཚལ་གླིང་རྒེད་འོག་ནང་ དབང་པོ་སྐྱོན་ཅན་༢༧ དང་༡༨ ཡོདཔ་ཨིན་པས།

དེ་མ་ཚད་ རང་ཐང་གླིང་རྒེད་འོག་ནང་ དབང་པོ་སྐྱོན་ཅན་༡༦ དང་ མཚོ་གླིང་མཁར་ལུ་༡༤ དཀྱིལ་འཁོར་ཐང་དང་ མནྜལ་སྒང་རྒེད་འོག་ནང་༡༠ རེ་ཡོདཔ་ད་ དུང་ལ་སྒང་ལུ་༨ དང་ རྩི་རང་སྟོད་རྒེད་འོག་ནང་༩ ཡོདཔ་ཨིན་པས།

དབང་པོ་སྐྱོན་ཅན་ཚུ་ལུ་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་བཟོ་མི་དེ་ བཙག་འཐུ་ལྷན་ཚོགས་ཀྱི་ ཐབས་ཤེས་ཅིག་ཨིན་ཟེར་ སྐྱིད་པ་བཟང་པོ་གིས་ བཤད་ཡོདཔ་ད་ འགོ་ཐོག་བཙག་འཐུ་ མ་རན་པའི་ཧེ་མར་ རྫོང་ཁག་བཙག་འཐུ་འགོ་དཔོན་གྱི་ མཉམ་འབྲེལ་ཞལ་འཛོམས་ནང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ དབང་པོ་སྐྱོན་ཅན་ཚུ་ལུ་ཡང་ གོ་སྐབས་བྱིན་དགོཔ་སྦེ་ ཐག་བཅད་ཡོདཔ་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ ཚོགས་རྒྱན་གྱི་ཉིན་མར་ དབང་པོ་སྐྱོན་ཅན་༨༤ ལུ་ ཞིབ་འཇུག་ཅིག་ འབད་ནི་ཨིན་མི་དེ་ཡང་ ཤུལ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ དབང་པོ་སོ་སོ་ལུ་ ཐོ་ཕོག་མི་ཚུ་ལུ་ ཚོགས་རྒྱན་བཙུགས་ནི་གི་ ཐབས་ལམ་ འཇམ་ཏོང་ཏོ་དང་ སྟབས་བདེ་ཏོག་ཏོ་ བཟོ་ནི་གི་ ཐབས་ལམ་བཏོན་ནིའི་ ཕན་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *