༉ འབྲུག༌ཨོ་ལིམ་པིག་ཚོགས་སྡེ་གིས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གིས་ ལུས་རྩལ་དང་ རྩེད་རིགས་ཚུ་ནང་ བཅའ་མར་གཏོགས་ཚུགས་ནི་གི་དོན་ལས་ གོ་སྐབས་བཟོ་ཡོད་མི་ལས་༡ རྒྱལ་སྤྱི་ཨོ་ལིམ་པིག་རྩེད་འགྲན་ནང་ བཅའ་མར་གཏོགས་ནི་དེ་ཨིན་པས།
ད་རེས་ནངས་པར་ ཐིམ་ཕུག་ལུ་ འབྲུག་ལིམ་པིག་ཚོགས་སྡེའི་ ནང་གསེས་སྡེ་ཕྲན་ཅིག་ཨིན་མི་ འབྲུག་པ་ར༌ཨོ་ལིམ་པིག་ཚོགས༌ཆུང༌གིས༌ གཟུགས་ཐུང་ཀུ་འབད་མི་ ཕོ་སྐྱེས་༢ དང་ ཨམ་སྲུ་༢ ལུ་ ལུས་རྩལ་གྱི་ སྦྱང་བ་ཚུ་ བྱིན་པའི་བསྒང་འདུག།
དེ་ཡང་ སྤྱི་ལོ་༢༠༢༠ ལུ་ ཇ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོ་ལུ་ ཨོ་ལིམ་པིག་རྩེད་རིགས་ཚུ་གི་གྲལ་ལས་ དབང་པོ་སྐྱོན་ཅན་གྱི་ རྩེད་འགྲན་ནང་ འབྲུག་གི་ཁ་ཐུག་ལས་ བཅའ་མར་གཏོགས་ནིའི་དོན་ལུ་ཨིན་པས།
ཡོངས་གྲགས་ལུ་ ཨ་ཞང་རྣམ་རྒྱལ་ཟེར་སླབ་མི་ སྐྱེས་ལོ་༤༨ ལང་མི་དང་ སྐྱེས་ལོ་༢༥ ལང་མི་རྒྱལ་མཚན་ དེ་ལས་ སྐྱེས་ལོ་༢༥ ལང་མི་ འཆི་མེད་སྒྲོལ་མ་དང་ སྐྱེས་ལོ་༢༠ ལང་མི་ ཨིན་ད་ར་ག་ལེ་གིས་རེས༌གཟའ༌ དམིག༌དམར༌དང༌ ཕུར༌བུ༌ དེ༌ལས༌ སྤེན༌པ༌ཚུ༌ནང༌ དཔུང་རྡོ་དང་ སོག་སོགམ་རྩེདམོ་༢ ཀྱི་ སྦྱང་བ་འབད༌དོ༌ཡོདཔ༌ ཨིན་པས།
ལུང་བསྟན་ཟམ་པ་སློབ་གྲྭ༌བར༌མའི༌ ལུས་སྦྱོང་སློབ་སྟོན་པ་ཡང་ཨིན་མི་ དབང་པོ་སྐྱོན་ཞུགས་རྩེད་རིགས་ཀྱི་ སློབ༌སྟོན༌ པ༌ དཔལ༌ འབྱོར༌རྒྱལ༌མཚན༌ གྱིས༌ སླབ༌མིའི༌ནང༌ འབྲུག་ལུ་ ཕྱིའི༌ རྒྱལ༌ཁབ༌བཟུམ༌སྦེ༌ དབང༌པོ༌ སྐྱོན༌ཅན༌ཚུ་གི་དོན༌ལུ༌ རྩེད༌ རིགས༌སྦྱོང༌ བརྡར༌བྱིན༌ནི༌ གི་ མཐུན༌རྐྱེན༌མེདཔ༌ལས༌ མཐུན་རྐྱེན་མ་དགོ་མི་ དཔུང་རྡོ་དང་ སོག་སོགམ་༢ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།
སློབ༌སྟོན༌པ༌གིས༌ སླབ༌མིའི༌ ནང༌ ཁོང་༤ གིས་ འཕྲོ་མཐུད་དེ་ར་ སྤྲོ་བ་བསྐྱེད་དེ་ སྦྱོང༌བ་འབད་བ་ཅིན་ སང༌ཕོད༌སྤྱི༌ཟླ༌༡༡ པའི་ནང༌ དུ༌བཱ༌ཡེ་ལུ༌ འཛམ༌གླིང༌ དབང༌པོ༌སྐྱོན༌ཅན༌གྱི༌ ལུས༌རྩལ༌ རྩེད༌འགྲན༌ནང༌ བཅའ༌མར༌གཏོགས༌བཅུག༌འོང༌ཟེར༌ཨིནམ༌ད༌ རྩེད༌འགྲན༌དེ་ནང་ལས༌ མཐར༌ འཁྱོལ༌བ༌ཅིན༌ སྤྱི༌ལོ༌༢༠༢༠ ལུ་ ཇ༌པཱན༌ལུ་ ཨོ་ལིམ་པིག་རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་འཐོབ་འོང་ཟེར་ཨིན་པས།
འབྲུག་དབང་པོ་སྐྱོན་ཞུགས་ཚོགས་ཆུང་གི་འཐུས་མི་ རྣམ་རྒྱལ་དབང་ཕྱུག་གིས་ ཚོགས་ཆུང་གི་ དམིགས་ཡུལ་ངོ་མ་ར་ རྒྱལ་ཁབ་ནང་ དབང་པོ་སྐྱོན་ཞུགས་ཀྱི་རྩེདམོ་དེ་ དར་ཁྱབ་གཏང་ནི་དང་ ག་ར་ལུ་ རྒྱལ་ཁབ་ཕྱི་ནང་གི་ རྩེད་འགྲན་ཚུ་ནང་ གོ་སྐབས་འདྲ༌མཉམ་སྦེ་ བྱིན་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དབང་པོ་སྐྱོན་ཞུགས་རྩེད་རིགས་ཀྱི་ གོ་སྐབས་དེ་ཡང་ ཕྱིའི་དབང་པོ་དང་ ནང་གི་དབང་པོ་ལུ་ ཐོ་ཕོག་མི་༢ ཡོད་མི་ལས་ ཕྱིའི་དབང་པོ་སྐྱོན་ཅན་ལུ་ གཙོ་བོར་བཏོན་ཏེ་ ལུས་རྩལཔ་༤ ལུ་ སྦྱོང་བརྡར་བྱིན་དོ་ཟེར་ཨིན་པས།
ལུས་རྩལཔ་ཚུ་གི་གྲས་ལས་ གཞོན་ཤོས་ཨིན་མི་ ཨིན༌ད༌ར༌ག༌ ལེ་གིས་ སློབ༌གྲྭ༌ནང༌ སྡོད༌པའི་སྐབས་ལུ་ རྩེད༌རིགས༌ག༌ར༌ རྩེད༌ཡོདཔ༌ད་ འཆི༌མེད༌སྒྲོལ༌མ༌ གིས༌ སློབ༌རིམ༌༡༢ པ༌མཐར༌ འཁྱོལ༌ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ།