༉ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ བཀྲིས་སྒང་ལུ་ ཉིནམ་གཅིག་གི་རིང་ འགོ་འདྲེན་འཐབ་མི་ དབང་པོ་ལུ་ ཐོ་ཕོག་མིའི་ གོ་བརྡའི་ཞལ་འཛོམས་ནང་ དབང་པོ་སྐྱོན་ཅན་དེ་ ཚེ་སྔ་མའི་ལས་ལུ་བརྟེན་ཏེ་མེནམ་ལས་ བཀག་ཐབས་འབད་ཚུགས་པའི་ གནད་དོན་ཅིག་ཨིནམ་སྦེ་ གསལ་བཤད་འབད་ནུག།
ཞལ་འཛོམས་ནང་ རྫོང་ཁག་དེ་གི་ རྒེད་འོག་༡༥ འི་ འགོ་ཁྲིདཔ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ དབང་པོ་ལུ་ ཐོ་ཕོག་མི་ ཨ་ལོ་དང་ ན་གཞོན་ཚུ་གི་དོན་ལུ་ བྲག་མཚོ་ལག་ཤེས་སྦྱོང་བརྡར་ལྟེ་བ་ གཞི་བཙུགས་འབད་མི་ རིག་འཛིན་པདྨ་ཆོས་རྒྱལ་གྱིས་ སླབ་མིའི་ནང་ དབང་པོ་སྐྱོན་ཅན་ཚུ་ ཉེ་རིང་ཕྱེ་མི་དང་ རྣམ་རྟོག་ལང་པའི་ མནོ་ལུགས་ཡོད་མི་དེ་ བསྒྱུར་བཅོས་འབད་ཐོག་ལས་ སེལ་དགོཔ་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཕྱིའི་རྒྱལ་ཁབ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ དབང་པོ་ལུ་ ཐོ་ཕོག་མི་ཚུ་ལུ་ མི་སྡེ་ཚུ་གིས་ རྒྱབ་སྐྱོར་འབད་མི་ ཚད་ཅིག་ལས་བརྒལ་མེད་པའི་ཁར་ དམིགས་བསལ་དུ་ མཐའ་ཟུར་གྱི་ མི་ཚུ་ལུ་ གནད་དོན་དེ་གི་སྐོར་ གོ་བ་བརྡ་སྤྲོད་མ་ལྷོད་མི་ལུ་བརྟེན་ ཕྱོགས་རིས་ཕྱེཝ་མས་ཟེར་ཨིན་པས།
རིག་འཛིན་པདྨ་ཆོས་རྒྱལ་གྱིས་ སླབ་མིའི་ནང་ དབང་པོ་སྐྱོན་ཅན་གྱི་ གནད་དོན་དེ་ རྒྱལ་ཁབ་ནང་ གསརཔ་ཅིག་ཨིནམ་ལས་ ཕམ་མང་ཤོས་ཅིག་གིས་ དབང་པོ་ལུ་ ཐོ་ཕོག་སྟེ་ཡོད་མི་ ཨ་ལོ་ཚུ་གི་ ཐོབ་དབང་མ་བྱིན་པར་ བདག་མེད་སྦེ་ བཞག་དོ་ཡོདཔ་བཞིན་དུ་ དབང་པོ་སྐྱོན་ཅན་ཚུ་ལུ་ རང་སོའི་ཐོབ་དབང་དང་ གོ་སྐབས་ཚུ་ ཤེས་བཅུག་དགོ་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ མི་སྡེའི་འགོ་ཁྲིདཔ་ རྒཔོ་དང་ དམངས་མི་ དེ་ལས་ ཚོགས་པ་ཚུ་གིས་ ཞལ་འཛོམས་ནང་ བཅའ་མར་གཏོགས་བཅུག་ཡོདཔ་ད་ མི་སྡེའི་འགོ་དཔོན་ཚུ་ དབང་པོ་སྐྱོན་ཅན་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཚུ་ཨིནམ་ལས་ མི་སྡེ་ནང་ གོ་བརྡ་སྤྲོད་ནིའི་དོན་ལུ་ རྒྱབ་སྐྱོར་ཚུ་ འཚོལ་ཏེ་ཡོད་ཟེར་ མོ་གིས་ བཤད་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ སྦིས་གདུང་རྒེད་འོག་ལས་ པདྨ་དབྱངས་སྐྱིད་ཀྱིས་ མོ་རའི་ཨ་ལོ་ སྐྱེས་ལོ་༡༥ ལང་མི་དེ་ ཁ་སླབ་མ་ཤེས་མི་ལུ་བྱུང་མི་ གདོང་ལེན་ཚུ་ བརྗེ་སོར་འབད་ཡོདཔ་ད་ མོ་རའི་བུ་དེ་གིས་ སྐྱེས་ལོ་༤ ལང་པའི་བསྒང་ལས་ར་ ཨ་ལོ་གཞན་བཟུམ་སྦེ་ ཁ་ལེགས་ཤོམ་སྦེ་ སླབ་མ་ཤེས་ནི་དེ་གིས་ སྨན་བཅོས་འབད་བར་ སྨན་ཁང་དང་ བླམ་འབད་སར་ཁྱིད་བསྐྱལ་རུང་ ཡར་དྲག་འགྱོ་མ་ཚུགས་ཟེར་ཨིན་པས།
པདྨ་དབྱངས་སྐྱིད་ཀྱིས་ མོ་རའི་བུ་དེ་ སློབ་གྲྭ་ནང་ བཙུགས་ཡོད་རུང་ ལོ་༣ གྱི་ཤུལ་ལས་ སློབ་གྲྭའི་དབུ་འཛིན་གྱིས་ བུ་དེ་ལུ་ དམིགས་བསལ་གྱི་ རྒྱབ་སྐྱོར་དགོཔ་སྦེ་ སླབ་མི་ལུ་བརྟེན་ སློབ་གྲྭ་ནང་ གཏང་ནི་ལས་ བཤོལ་བཞག་ཅི་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ མོ་རའི་བུ་དེ་ བཀྲིས་སྒང་བྲག་མཚོ་ལག་ཤེས་སྦྱོང་བརྡར་ལྟེ་བའི་ནང་ བཙུགས་ཡོད་རུང་ ཨ་ལོའི་གནས་སྟངས་ སྐྱོ་དྲགས་འགྱོ་མི་ལུ་བརྟེན་ ལོག་ཁྱིམ་ནང་ བཏོན་བཞག་ཡོདཔ་ད་ མོ་རའི་ ཨ་ལོའི་ཨའི་ཅིག་འབདཝ་ལས་ ཨ་ལོ་དེ་ གནས་སྟངས་དེ་བཟུམ་ཡོདཔ་སྦེ་ སླབ་ནི་ལུ་ཡང་ ལཱ་ཁག་བཏངམ་མས་ཟེར་ བཤདཔ་ཨིན་པས།
བཀང་ལུང་གི་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ མི་མང་ཤོས་ཅིག་གིས་ དབང་པོ་ལུ་ ཐོ་ཕོག་མི་དེ་ ཚེ་སྔ་མའི་ ལས་འཕྲོ་ཡོད་མི་ལུ་བརྟེན་ བྱུང་ཡོདཔ་ལས་ ག་ཅི་ཡང་ འབད་ཐབས་མེདཔ་སྦེ་ སླབ་མི་ཡང་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚེ་སྔ་མའི་ལས་དང་འཁྲིལ་ཏེ་མེན་པར་ ཨམ་སྲུ་གིས་ ཨ་ལོ་ཕོཝ་ནང་ ཆགས་པའི་བསྒང་ལས་ ལེགས་ཤོམ་སྦེ་ བདག་འཛིན་མ་འབད་མི་ལུ་བརྟེན་ཨིན་པས།
རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ཡང་ཨིན་མི་ རྒཔོ་ཀུན་བཟང་རྡོ་རྗེ་གིས་འབད་བ་ཅིན་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྫོང་ཁག་ཚོགས་འདུ་ནང་ རྒེད་འོག་འཆར་དངུལ་ལས་ དངུལ་ཀྲམ་༡༠,༠༠༠ བསྡུ་ལེན་འབད་ཐོག་ལས་ བྲག་མཚོ་ལག་ཤེས་སྦྱོང་བརྡར་ལྟེ་བ་ལུ་ བྱིན་དགོ་པའི་ གྲོས་འཆར་བཙུགས་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྟེ་བ་ལུ་ དཀའ་ངལ་དང་ གདོང་ལེན་ག་དེམ་ཅིག་ཡོདཔ་ཨིན་ན་ ཤེས་ཡོད་རུང་ རྒེད་འོག་དང་ རྫོང་ཁག་གིས་ རྒྱབ་སྐྱོར་ག་ནི་ཡང་ འབད་མ་ཚུགས་པའི་ཁར་ ལྟེ་བའི་ནང་ མང་ཤོས་ར་ བཀྲིས་སྒང་གི་ ཨ་ལོ་ཚུ་ཡོད་ཟེར་ཨིན་པས།
ད་རེས་ ལྟེ་བའི་ནང་ མ་དངུལ་གྱི་ རྒྱབ་སྐྱོར་མ་ཐོབ་པའི་ དཀའ་ངལ་ཡོདཔ་ད་ རིག་འཛིན་པདྨ་མཚོ་རྒྱལ་གྱིས་ སླབ་མིའི་ནང་ ལྟེ་བའི་ནང་ འཛུལ་ཞུགས་འབད་མི་ གྱངས་ཁ་ཡར་སེང་མི་ལུ་བརྟེན་ གཞི་རྟེན་མཁོ་ཆས་ཀྱི་ དཀའ་ངལ་ཡང་ ཐོན་ཏེ་ཡོད་ཟེར་ཨིན་པས།
བཀྲིས་སྒང་ལུ་ གོ་བརྡའི་ལས་རིམ་དེ་ཡང་ ད་རེས་ འགོ་དང་པ་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ ལྷག་ལུས་རྫོང་ཁག་༥ དེ་ དུས་ཅིའི་ལོ་མཇུག་ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།