དབང་དར་གཡུས་ཚན་ནང་ ཉི་དྲོད་གློག་ཐག་རཝ་ཚུ་ བཅོ་མ་ཚུགས་པར་ཡོདཔ།

༉ སྐྱེས་ལོ་༤༠ ལང་མི་ ཤེས་རབ་བཟང་མོ་གིས་ ཧེ་མ་བཟུམ་སྦེ་ ནུབ་མོར་ རི་དྭགས་སེམས་ཅན་གྱིས་ གནོད་སྐྱོན་རྐྱབ་སྟེ་ ལོ་ཐོག་སྲུང་དགོ་དོ་བཟུམ་སྦེ་ ད་རེས་ནངས་པར་ སྲུང་མ་དགོ་མི་ལུ་བརྟེན་ སེམས་ཀྱི་སྡུག་བསྔལ་ དེ་ཅིག་མེད་པའི་ཁར་ ཕྱི་རུ་ཨ་ལོ་ཚུ་དང་གཅིག་ཁར་སྡོད་ནིའི་ དུས་ཚོད་ཐོབ་ཡོདཔ་ཨིན་པས།
མོ་གིས་ དེ་བཟུམ་མའི་ བདེ་ཉམས་ཐོབ་མི་དེ་ སྤྱི་ལོ་༢༠༡༦ ལོ་མཇུག་བསྡུ་ཁམས་ལུ་ ཁེངས་རིགས་རྣམ་གསུམ་ཆ་མཉམ་ནང་ ལས་སྡེ་གིས་ འགོ་འདྲེན་ཐོག་ལས་ དབང་དར་གཡུས་ཚན་ནང་ ཉི་དྲོད་གློག་ཐག་རཝ་རྐྱབ་བྱིན་མི་ལུ་བརྟེན་ཨིན་པས།
ཨིན་རུང་ མོ་གི་བདེ་ཉམས་དེ་ ཟླཝ་དག་པ་ཅིག་ལས་མ་མྱོངམ་ལས་ ད་རེས་ནངས་པར་ ཧེ་མ་བཟུམ་སྦེ་ར་ མོ་རའི་ཨ་རིང་ཚུ་ ནུབ་མོར་ རི་དྭགས་སེམས་ཅན་ཚུ་ལས་ བསྲུང་དགོཔ་ཐོན་ཏེ་ཡོདཔ་ཨིན་པས།
དབང་དར་གཡུས་ཚན་དེ་ ནང་སྐོར་རྒེད་འོག་གི་ མགོ་གླིང་སྤྱི་འོག་ནང་ཨིནམ་ད་ དེ་ནང་ ཁྱིམ་གུང་པ་༥༩ དེ་ཅིག་ཡོད་མི་ མང་ཤོས་ཀྱིས་ འཚོ་བ་གཙོ་བོ་ ཨ་རིང་གི་ལཱ་ལུ་བརྟེན་མི་ཨིན་པས།
ཨ་ལོ་༤ གི་ཨའི་ཨིན་མི་ ཤེས་རབ་བཟང་མོ་གིས་ སླབ་མིའི་ནང་ འགོ་དང་པ་ ཉི་དྲོད་གློག་ཐག་རཝ་ གྲོགས་རམ་བྱིན་པའི་སྐབས་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་ཏེ་ ཉམ་ཐག་པའི་ཤུགས་ཀྱིས་ ཕན་ཐོགས་ནི་ཅིག་ཡོད་པ་ཅིན་མནོ་བའི་རེ་བ་བསྐྱེད་དེ་ རཝ་ཤིང་ཚུ་ཡང་ མི་སེར་ཚུ་གིས་ ཁས་བླངས་ཐོག་ལས་བཏོན་ཏེ་ སྦུང་གི་ལཱ་ཚུ་ག་ར་ མི་སེར་ཚུ་གིས་ འབད་ཡི་ཟེར་ཨིན་པས།
དབང་དར་གཡུས་ཚན་ནང་ ཨ་རིང་ཨེ་ཀར་ག་དེ་ཅིག་ཡོདཔ་ཨིན་ན་ ག་གིས་ཡང་ གཏན་འཁེལ་སྦེ་ སླབ་མི་ཚུགས་དོ་ཡོད་རུང་ གཡུས་ཚན་གྱི་འཚོ་བ་གཙོ་བོ་ར་ རེད་ལུ་བརྟེན་སྡོད་དོ་ཡོདཔ་ལས་ ཇ་པཱན་ལུ་ཡོད་མི་ ཧཱན་ཌ་ཟེར་མི་གིས་ རྒྱབ་སྐྱོར་ཐོག་ལས་ ཉི་དྲོད་གློག་ཐག་དེ་ ཨ་རིང་ག་ར་ཁྱབ་སྦེ་ ར་བ་རྐྱབ་ཡོདཔ་ཨིན་པས།
ཚོགས་པ་ཨོ་རྒྱན་དཔལ་འབྱོར་གྱིས་ བཤད་མིའི་ནང་ ཉི་དྲོད་གློག་ཐག་དེ་གིས་ ཟླཝ་༢ དེ་ཅིག་ ལེགས་ཤོམ་སྦེ་ ལཱ་འབད་བའི་ཤུལ་ལུ་ འཕྲུལ་ཨམ་དེ་མེདཔ་ཐལ་ཏེ་ ད་ལྟོའི་བར་ན་ཡང་ བཅོ་མ་ཚུགས་པར་ དེ་སྦེ་ར་ ལུས་ཏེ་ཡོད་ཟེར་ཨིན་པས།
སྤྱིར་བཏང་གློག་ཐག་དེ་གིས་ ཨ་རིང་ལུ་ཕན་ཐོགས་སྦོམ་ཡོདཔ་ལས་ རྒེད་འོག་བདག་སྐྱོང་ལུ་ གྲོགས་རམ་དགོ་པའི་སྐོར་ལས་ སྙན་ཞུ་འབད་དེ་ཡོད་ཟེར་ ཚོགས་པ་གིས་བཤདཔ་ཨིན་པས།
གློག་ཐག་ར་བ་ཚུ་ ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ ཚལ་མ་ལུ་འགྱུར་ཏེ་ཡོད་པའི་ཁར་ ར་བ་ལ་ལོ་ཅིག་ མེདཔ་བཏང་ཚར་ཡོདཔ་མ་ཚད་ གློག་ཐག་ཚུ་ཡང་ བར་ནང་ལས་ བཏོག་འབག་ནུག་ཟེར་ཨིན་པས།
གཡུས་མི་ཚུ་གིས་ འཕྲུལ་ཆས་དེ་ བཅོ་མི་ཚུགས་ནི་བཟུམ་མའི་ མནོ་བསམ་བཏང་སྟེ་ ལ་ལོ་གིས་ ཐགཔ་ཚུ་བཏོན་བཀོག་ ལ་ལོ་གིས་ བཏོག་འབག་སྟེ་ ར་བ་གི་ཤིང་ཚུ་ཡང་ ས་ཁོངས་ལ་ལོ་ཅིག་ནང་ ཕུད་རྡོག་གཅིག་ཡང་མེདཔ་བཟོ་སྟེ་འདུག།
གྲོགས་རམ་ཐོག་ལས་ ར་བ་ཤིང་༧༠༠ དེ་ཅིག་ མི་སེར་ཚུ་གིས་སྦུང་ལཱ་ཐོན་ཏེ་ བཙུགས་ཡོད་རུང་ ད་རེས་ནངས་པར་ ས་ཁོངས་ལ་ལོ་ནང་ མཐོང་ས་ར་མིན་འདུག་ཟེར་ཨིན་པས།
སྐྱེས་ལོ་༧༠ ལང་མི་ དར་ལས་དང་ ཁོ་རའི་གནས་ཚང་དེ་ གློག་ཐག་དེ་གིས་ ཕན་ཐོགས་མེདཔ་ལས་ ནོར་སེམས་ཅན་ཚུ་ མི་འཛུལ་ནིའི་དོན་ལུ་ གློག་ཐག་གི་ཐགཔ་ཚུ་བཏོན་བཀོག་ཐོག་ལས་ ལྕགས་ཀྱི་ར་བ་ཚུ་ སྤྲིངས་ཡི་ཟེར་ཨིན་པས།
ཁོ་རའི་གནས་ཚང་ དངོས་གྲུབ་དབང་མོ་གིས་ སླབ་མིའི་ནང་ འགོ་དང་པ་དེ་ གློག་ཐག་དེ་ལུ་བརྟེན་ ཕྱི་རུ་ཞིང་སྲུང་པར་ འགྱོ་མ་དགོཔ་ལས་ སྟབས་བདེ་ཏོག་ཏོ་ བྱུང་ཡི་ཟེར་ཨིན་པས།
ཚེ་རིང་དཔལ་འབྱོར་དེ་ ཨ་རིང་ནང་སྡོད་ནི་མེདཔ་ལས་ ཁོ་ར་ འཕྲལ་འཕྲལ་ལས་བརྒལ་ ཞིང་སྲུང་པར་འོང་ནི་མེདཔ་ཨིན་པས།
ཁོ་རའི་ཞིང་གི་ས་ཁོངས་ནང་ཡོད་མི་ གློག་ཐག་ཐགཔ་ཚུ་ ཧ་ལམ་ བཏོག་འབག་ཡོདཔ་ལས་ ཁོ་ཡང་ ནོར་སེམས་ཅན་ཚུ་ འཛུལ་ནི་ལས་བཀག་ཐབས་ལུ་ ལྕགས་ཐག་ཚུ་འབག་འོང་སྟེ་ སྤྲིངས་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ གློག་ཐག་ཚུ་ རི་དྭགས་སེམས་ཅན་ཚུ་ལུ་ ཧིང་བཀལ་ནིའི་དོན་ལུ་ གཡུས་ཁའི་མི་ཚུ་གིས་ བཏོག་འབག་ནུག་ཟེར་ཨིན་པས།
གློག་ཐག་གི་རཝ་བཙུགས་པའི་སྐབས་ གཡུས་མི་གཉིས་ཡང་ ངོས་འཛིན་འབད་དེ་ བལྟ་མི་སྦེ་ བཙུགས་བཞག་ཡོད་རུང་ ཁོང་གཉིས་ལུ་ ཐོབ་ཐངས་ག་ནི་ཡང་མེདཔ་ལས་ དེ་སྦེ་ར་ ལུས་ཡོདཔ་ཨིན་པས།
ཚོགས་པ་གིས་ བཤད་མིའི་ནང་ གཡུས་ཁ་ལུ་སྡོད་མི་ཅིག་ འབད་ནི་དེ་གིས་ འཐོབ་ནི་ཅིག་མེད་པ་ཅིན་ རང་གི་ལཱ་གི་དུས་ཚོད་ འཕྲོ་བརླག་འགྱོ་བའི་གཞི་ལས་མེདཔ་ལས་ མི་གཉིས་ཀྱིས་ཡང་ ངོས་ལེན་ཅིག་འབད་མ་བཏུབ་ཟེར་བཤད་ཅི།
ཨིན་རུང་ གཡུས་མི་ཚུ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ ཉམས་བཅོས་འབད་ནིའི་དོན་ལུ་ གྲོགས་རམ་ཚུ་འབད་བའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

དབང་དར་ལས་ བཀྲིས་བསྟན་འཛིན།

 

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *