འཕྲུལ་ཆས་མེདཔ་ཐལ་མི་ལུ་བརྟེན་ སྤྱི་ཟླ་༦ པའི་ནང་ རྩི་ས་ཐོན་སྐྱེད་འབད་ནི་ མཚམས་འཇོག་འབད་མི་ དཔལ་ལྡན་རྩི་ས་དབང་འཛིན་གྱི་འཕྲུལ་ཁང་།

དཔལ་ལྡན་རྩི་ས་དབང་འཛིན་གྱིས་ གེ་ཡར་བཱོགསི་རྙིངམ་ཅིག་ མཁོ་སྒྲུབ་འབད་ནི།

༉ བསམ་རྩེ་སྒོམ་ཀྲུ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ དཔལ་ལྡན་རྩི་ས་དབང་འཛིན་གྱིས་ གེ་ཡར་བཱོགསི་ཟེར་ འཐེན་སོ་སྒྲོམ་རྙིངམ་ཅིག་ ཉོ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ སྡེ་ཚན་ཅིག་ རྒྱ་གར་གྱི་མངའ་སྡེ་ གུ་ཇ་རཱཊི་ལུ་ བལྟ་བར་བཏང་ཡོདཔ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ དབང་འཛིན་གྱི་ རྩི་ས་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་དགོ་མི་ རྫས་སྦྱོར་ཀི་ལིང་ཀར་བཟོ་མི་ འཕྲུལ་ཆས་ཀྱི་ འཐེན་སོ་སྒྲོམ་དེ་ མེདཔ་ཤོར་མི་ལུ་བརྟེན་ རྩི་ས་ལངམ་སྦེ་ ཐོན་སྐྱེད་འབད་མ་ཚུགས་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
མ་གཞི་ དབང་འཛིན་ལུ་ ཀི་ལིང་ཀར་ཐོན་སྐྱེད་འབད་ནིའི་ འཕྲུལ་ཆས་༢ ཡོདཔ་བཞིན་དུ་ ཉིན་བསྟར་བཞིན་དུ་ ཀི་ལིང་ཀར་མེ་ཊིག་ཊཱན་༡,༢༠༠ རེ་ ཐོན་སྐྱེད་འབདཝ་ཨིན་པས།
ཨིན་རུང་ འཕྲུལ་ཆས་དེ་ལུ་བརྟེན་ སྤྱི་ཟླ་༦ པའི་ནང་ ཀི་ལིང་ཀར་ཐོན་སྐྱེད་ ཉིན་གྲངས་དག་པ་ཅིག་གི་རིང་ མཚམས་འཇོག་འབད་དེ་ བཞག་དགོཔ་ཐོན་ཡོདཔ་ལས་ སྤྱི་ལོ་༢༠༡༦ དང་ཕྱདཔ་ད་ ཐོན་སྐྱེད་དེ་ བརྒྱ་ཆ་༥༥ གིས་ མར་བབས་སོང་ཡོདཔ་ཨིན་པས།
དུས་ཅི་ དབང་འཛིན་གྱིས་ རྩི་ས་མེ་ཊིག་ཊཱན་༡༢,༡༣༥ ཚོང་འབྲེལ་འཐབ་ཡོདཔ་ད་ ན་ཧིང་འབད་བ་ཅིན་ ཟླཝ་དེ་ནང་ རྩི་ས་མེ་ཊིག་ཊཱན་༣༠,༢༤༣ བཙོང་ཡོདཔ་ཨིན་པས།
དབང་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཤེས་རབ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཁོང་གིས་ འཕྲུལ་ཆས་གེ་ཡར་བཱོགསི་བལྟ་མི་ འཕྲུལ་རིག་བཟོ་རིག་འགོ་དཔོན་༢ བཏང་སྟེ་ཡོདཔ་ད་ འཕྲུལ་ཆས་དེ་ དབང་འཛིན་གྱི་དོན་ལུ་ ལག་ལེན་འཐབ་བཏུབ་མི་བཏུབ་ ཁོང་༢ ཀྱིས་ དབྱེ་ཞིབ་འབད་འོང་ཟེར་ཨིན་པས།
ཨིན་རུང་ ག་དེམ་ཅིག་སྦེ་ འཐེན་སོ་སྒྲོམ་དེ་ དབང་འཛིན་གྱི་དོན་ལུ་ ལག་ལེན་འཐབ་བཏུབ་སྦེ་ མཐོང་པ་ཅིན་ གྲུ་ནང་སྦེ་ སྐྱེལ་འདྲེན་འབད་ནི་ལུ་ ཉིནམ་༡༠ དང་༡༢ དེ་ཅིག་གི་བར་ན་ འགོར་འོང་ཟེར་ཨིན་པས།
ད་ལྟོ་ འཐེན་སོ་སྒྲོམ་གྱི་ གོང་ཚད་དེ་ དངུལ་ཀྲམ་ས་ཡ་༡.༦༥ ཡོདཔ་ཨིན་རུང་ རྒྱ་གར་ལུ་ ཁྲལ་བསྒྱུར་བཅོས་འབད་མི་དང་འཁྲིལ་ གོང་ཚད་ལུ་ཡང་ བསྒྱུར་བ་འགྱོ་འོང་ག་ སླབ་མི་ཤེས་ཟེར་ བཤདཔ་ཨིན་པས།
འཐེན་སོ་སྒྲོམ་གྱི་ དཀའ་ངལ་དེ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ལས་ར་ཐོན་ནི་ འགོ་བཙུགས་ཡོདཔ་ད་ ལོ་ངོ་༢༠ དེ་ཅིག་ལང་མི་ འཕྲུལ་ཆས་དེ་ ནང་འཁོད་ལུ་ ལེགས་བཅོས་འབད་ནི་ལུ་ དཔའ་བཅམ་ཡོདཔ་ཨིན་རུང་ འབད་མ་ཚུགས་ཟེར་ཨིན་པས།
དབང་འཛིན་གྱིས་ རྩི་ས་ཕྱིར་ཚོང་འཐབ་ནི་དེ་ སྤྱི་ཟླ་༦ པའི་ཚེས་༨ ལས་ མཚམས་འཇོག་འབད་བཞག་ཡོདཔ་ད་ ད་རེས་ རྒྱལ་ཁབ་ནང་འཁོད་ནང་ བགོ་བཀྲམ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དབང་འཛིན་གྱིས་ ཐོན་སྐྱེད་ལས་ བརྒྱ་ཆ་༦༠ ཕྱིར་ཚོང་འཐབ་དོ་ཡོདཔ་ལས་ ཕྱིར་ཚོང་འཐབ་ནི་དེ་ ཚོང་འབྲེལ་གཙོ་བོ་ཅིག་ཨིན་པས།
དུས་ཅི་ རྒྱལ་ཁབ་ནང་འཁོད་ཀྱི་ མཁོ་འདོད་ཚད་གཞི་དེ་ཡང་ ཡར་སེང་སོང་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *