༉ སྤྱི་ལོ་༢༠༡༨ ཀྱི་ དུས་ཐུང་དང་ དངོས་གསལ་གློག་བརྙན་དུས་སྟོན་ཐེངས་༥ པའི་ནང་ དཔལ་ལྡན་འབྲུག་པའི་ཨམ་སྲུ་ཟེར་མི་ དུས་ཐུང་གློག་བརྙན་དེ་གིས་ ཨང་དང་པ་ ཐོན་ཡོདཔ་བཞིན་དུ་ དངུལ་རྐྱང་གི་ གསོལ་རས་དངུལ་ཀྲམ་༥༠,༠༠༠ ཐོབ་ནུག།
དུས་ཡུན་སྐར་མ་༣༢ འབད་མི་ གློག་བརྙན་དེ་ འཕྲལ་ཁམས་ཅིག་ཁར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ བུམོ་དེ་གི་ཨའི་གིས་ བུམོ་དེ་ལུ་ ག་དེམ་ཅིག་ ཁྲོམ་ཁར་མ་སོང་ཟེར་སླབ་རུང་ ཉན་བཏུབ་པར་ གཡུས་སྤངས་ཏེ་ ཁྲོམ་ཁར་ལཱ་གཡོག་འཚོལ་བར་ འགྱོ་མིའི་སྐོར་ལས་ཨིན་པས།
ཨིན་རུང་ ཁྲོམ་ཁར་ལྷོད་པའི་སྐབས་ མི་ངན་ཚུ་གིས་ དབང་བཙོང་འདོད་སྤྱོད་འབད་བའི་ཁར་ ལཱ་གཡོག་མ་འཐོབ་མི་ལུ་བརྟེན་ བུམོ་དེ་ གཡུས་ཁར་ལོག་སོང་སྟེ་ ས་གནས་གཞུང་གི་ བཙག་འཐུ་ནང་ བཅའ་མར་གཏོགས་པའི་ཤུལ་ལས་ རྒཔོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
བཀོད་ཁྱབ་མདོ་ཆེན་ ཀུན་དགའ་ཀུན་ལེགས་ཚེ་རིང་གིས་བཟོ་མི་ གློག་བརྙན་དེ་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་དང་ གྲོང་གསེབ་ལས་ཁྲོམ་ཁར་ གནས་སོར་སྤོ་འོང་མི་ཚུ་གི་གདོང་ལེན་ དེ་ལས་ ས་གནས་གཞུང་གི་ བཙག་འཐུ་ལུ་དམིགས་ཏེ་ བཟོ་ཡོདཔ་ཨིན་པས།
གློག་བརྙན་ནང་ རྒྱ་གར་པཱན་ཇབ་གཙུག་ལག་སློབ་སྡེ་ལས་ འཕྲལ་ཁམས་ཅིག་ཁར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སངས་རྒྱས་དབང་མོ་ཚེ་རིང་གིས་ འཁྲབ་རྩེདཔ་འབད་ཡོདཔ་ཨིན་པས།
གློག་བརྙན་བཟོ་མི་ བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་རེས་ དུས་ཐུང་གློག་བརྙན་གྱི་ གསོལ་རས་ཐོབ་མི་དེ་ འགོ་དང་པ་ཨིནམ་ད་ ཁོ་ར་ གློག་བརྙན་ནང་ འཁྲབ་རྩེདཔ་འབད་དེ་ ལོ་༩ གི་ཤུལ་ལས་ དུས་ཐུང་གློག་བརྙན་བཟོ་མི་དེ་ འགོ་དང་པ་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཐུང་གློག་བརྙན་དང་ ཚོང་འབྲེལ་གློག་བརྙན་གྱི་དོན་ལུ་ བཟོ་མི་༢ ཀྱི་བར་ན་ ཁྱད་པར་སྦོམ་ཡོད་ཟེར་ཨིནམ་ད་ དུས་ཐུང་གློག་བརྙན་དེ་ ཚོང་འབྲེལ་འཐབ་ནི་ལུ་ མཐར་འཁྱོལ་ཅན་ཅིག་ མ་འབྱུང་རུང་ མི་སྡེ་དང་འབྲེལ་བའི་ གནད་དོན་ཚུ་ གོ་བ་བརྡ་སྤྲོད་འབད་ནི་ལུ་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་པས།
བསོད་ནམས་བསྟན་འཛིན་གྱིས་འབད་བ་ཅིན་ མ་འོངས་པ་ལུ་ཡང་ ན་གཞོན་བུམོ་དང་ ལམ་སྲོལ་དང་འབྲེལ་བའི་ དུས་ཐུང་གློག་བརྙན་ཚུ་ བཟོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཀརྨ་ལྷ་སྤྲུལ་རྡོ་རྗེ་རིན་པོ་ཆེ་གིས་ བཟོ་སྐྲུན་འབད་མི་ རོ་ཟེར་མི་ ཧི་ཌན་ཧཱཊི་ དུས་ཐུང་གློག་བརྙན་གྱིས་ ཨང་༢ པ་ཐོན་ཏེ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ ཐོབ་ཡོདཔ་ཨིན་པས།
བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཁོ་རའི་ གློག་བརྙན་དེ་ཡང་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ ཨེ་ཤེ་ཡཱན་ པེ་སི་ཕིག་དུས་སྟོན་ནང་ དོ་འགྲན་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།
གློག་བརྙན་དེ་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ མི་གྲངས་༢༠ དེ་ཅིག་གིས་ གྲལ་གཏོགས་ཐོག་ལས་ བཟོ་ཚར་ཡོདཔ་བཞིན་དུ་ ཟད་འགྲོ་དངུལ་ཀྲམ་༥༠༠,༠༠༠ དེ་ཅིག་ བཏང་ཡི་ཟེར་ བསོད་ནམས་བསྟན་འཛིན་གྱིས་ བཤད་ཅི།
འབྲུག་གློག་བརྙན་ཚོགས་པ་གིས་ འགོ་འདྲེན་འཐབ་མི་ དུས་སྟོན་དེ་ནང་ དུས་ཐུང་དང་འབྲེལ་བའི་ གློག་བརྙན་༡༥ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ གློག་བརྙན་དུས་སྟོན་དེ་ སྤྱི་ཟླ་༥ པའི་ཚེས་༢ ལུ་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།