༉ གཞུང་གིས་ འཆར་གཞི་༡༡ པའི་ནང་ དཔལ་འབྱོར་བརྟན་རྩ་མ་དངུལ་ གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོད་དེ་འབད་རུང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ བརྟན་རྩ་མ་དངུལ་ གཞི་བཙུགས་ཀྱི་ དམིགས་ཡུལ་ལེགས་ཤོམ་ཡོད་རུང་ ཁྲིམས་ལུགས་ཚུ་ ག་དེ་སྦེ་ཡོད་ག་ བལྟ་དགོཔ་འདུག་ཟེར་ཞུ་ཡི།
བར་མཚམས་ཤོང་ཕུག་གི་འཐུས་མི་ དབང་འདུས་ནོར་བུ་གིས་འབད་བ་ཅིན་ དཔལ་འབྱོར་བརྟན་རྩ་མ་དངུལ་ གཞི་བཙུགས་འབད་ནིའི་ དམིགས་ཡུལ་དེ་ ལེགས་ཤོམ་ཨིན་རུང་ ད་ལྟོ་རྒྱལ་ཁབ་ནང་ མ་དངུལ་མེད་པའི་ དུས་ཚོད་ཁར་ཨིནམ་ལས་ མ་འབད་བ་ཅིན་ མི་དྲག་ག་ཟེར་ ཞུ་ཡི།
དེ་སྦེ་ ཞིབ་འཚོལ་འབད་བལྟ་བའི་སྐབས་ བརྟན་རྩའི་མ་དངུལ་ གཞི་བཙུགས་འབད་མི་ རྒྱལ་ཁབ་ཚུ་ ཁེ་ཕན་སྦོམ་མེདཔ་ལས་ ཤུལ་ལས་ དཔལ་འབྱོར་སྒྲིང་སྒྲིང་འགྱོ་ཞིནམ་ལས་འབད་བ་ཅིན་ ཁེ་ཕན་འོང་ནི་བཟུམ་སྦེ་ མཐོངམ་མས་ཟེར་ ཞུ་ཡི།
དཔལ་འབྱོར་བརྟན་རྩ་ མ་དངུལ་དེ་ཡང་ གཞུང་གིས་ རྩིས་ལོ་༢༠༡༧-༢༠༡༨ ནང་ དངུལ་ཀྲམ་ས་ཡ་༡༠༠ གི་ཐོག་ལས་ གཞི་བཙུགས་གནང་ནི་ཨིན་པས།
མ་དངུལ་དེ་གི་ དམིགས་གཏད་གཙོ་བོ་ར་ གློག་མེ་ཕྱིར་ཚོང་དང་ བསྐྱིན་འགྲུལ་ དེ་ལས་ གནང་སྦྱིན་ཚུ་ལས་ཐོབ་པའི་ བྱུང་ཐོ་ཚུ་ གཅིག་ཁར་བཞག་ནི་དང་ དངུལ་བསྒྱུར་དང་ བསྐྱིན་འགྲུལ་གྱི་ འགྱུར་ཁྱད་མར་ཕབ་འབད་ནི་ཨིན་པས།
དེ་མ་ཚད་ དཔལ་འབྱོར་ཡར་འཕར་ལུ་ དགོས་དོན་ཡོད་པའི་གནས་ཚད་ཁར་ ཡུན་བརྟན་སྦེ་བཞག་ནི་དང་ གཙོ་རིམ་ཅན་གྱི་ ལས་སྡེའི་མ་རྩ་གཞི་བཙུགས་ཚུ་ ཡར་དྲག་གཏང་ནི་དང་ ཕྱིའི་འགན་ལེན་ཚུ་ནང་ མ་རྩ་གཞི་བཙུགས་གོང་འཕེལ་གཏང་ཐབས་ཀྱི་དོན་ལུ་ གཞུང་གིས་ བར་འཛུལ་གྱི་རྒྱབ་སྐྱོར་ཚུ་ བྱིན་ཚུགསཔ་བཟོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ བརྟན་རྩ་མ་དངུལ་དེ་གིས་ ཁེ་ཕན་སྦོམ་ཡོད་པ་གིས་མ་ཚད་ གོང་འཕེལ་འགྱོ་བའི་བསྒང་ཡོད་པའི་ རྒྱལ་ཁབ་ཚུ་ལུ་ དགོས་མཁོ་ཆེ་བའི་ཁར་ ཕན་ཐོགས་ཡང་ བྱུང་དོ་ཡོདཔ་ད་ དཔེ་འབད་བ་ཅིན་ གསོ་བའི་བློ་གཏད་མ་དངུལ་གྱིས་ མི་སེར་ཚུ་ལུ་ ཕན་ཐོགས་བྱུང་དོ་བཟུམ་ཅིག་ཨིན་ཟེར་ ཞུ་ཡི།
ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་འབད་བ་ཅིན་ དངུལ་རྩིས་ཚོགས་ཆུང་གིས་ གདམ་ཁ་རྐྱབ་སྟེ་ ཧེ་མ་མེད་པའི་སྲོལ་གསརཔ་ཅིག་ གཞི་བཙུགས་འབད་མིའི་ དམིགས་དོན་དེ་ལུ་ ག་ར་གིས་ རྒྱབ་སྐྱོར་ཡོད་དེ་འབད་རུང་ དུས་ཚོད་མ་རནམ་སྦེ་ སླབ་མས་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ དཔལ་འབྱོར་རྩ་བརྟན་མ་དངུལ་ གཞི་བཙུགས་འབད་ནི་ རན་ཡོདཔ་སྦེ་ མཐོང་ཅི་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ གདོང་ལེན་ཆེ་ཤོས་ཅིག་ མཁས་མཆོག་ཚུ་གིས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ཀྱི་ དཔལ་འབྱོར་གནས་སྟངས་ཀྱི་ གཞི་འགྱམ་སྒྲིང་སྒྲི་མེདཔ་སྦེ་ སླབ་དོ་ཡོདཔ་ལས་ དཔལ་འབྱོར་རྩ་བརྟན་མ་དངུལ་དེ་ གཞི་བཙུགས་འབད་ཚུགས་པ་ཅིན་ ལེགས་ཤོམ་ཡོདཔ་སྦེ་ ཞུ་ཡི།
ཨིན་རུང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ དེ་སྦེ་ གཞི་བཙུགས་འབད་ནི་ཨིན་ཟེར་སླབ་པའི་སྐབས་ ཁྲིམས་ལུགས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ བལྟ་དགོཔ་སྦེ་ ཞུ་ཡོདཔ་ལས་ དཔལ་འབྱོར་བརྟན་རྩ་མ་དངུལ་ གཞི་བཙུགས་འབད་ནིའི་ཐད་ཁར་ གྲོས་ཐག་བཅད་མ་ཚུགསཔ་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།