ས་གོ་ཐདམ་ཐད་ཁར་ དོང་ཐོན་ཡོད་མི་ དཔག་བསམ་ཁའི་ འཁོར་ལམ།

དཔག་བསམ་ཁའི་ འཁོར་ལམ་གནས་སྟངས་ལུ་ མི་ཚུ་སེམས་དང་མ་ལྡན་པར་ཡོདཔ།

༉ དཔག་བསམ་ཁ་ བ་ནི་ཇོ་ར་དང་ བ་ལུ་ཇོ་རའི་རོང་ཆུ་༢ ཀྱི་བར་ནའི་ འཁོར་ལམ་བདའ་སྟེ་ དོང་ཐོན་ཚར་ནི་དེ་གིས་ ས་གནས་ཀྱི་ བཟོ་གྲྭ་འཕྲུལ་ཁང་ཚུ་གི་ ཇོ་བདག་དང་ དེ་ཁར་ ལཱ་འབད་མི་ཚུ་ སེམས་དང་མ་ལྡན་པར་ ཡོདཔ་ཨིན་པས།
ན་ཧིང་ གནམ་དགུན་གྱི་དུས་ཚོད་ལུ་ འཁོར་ལམ་ག་ར་ ཐལཝ་གིས་ གང་ཡོདཔ་མ་ཚད་ དུས་ཅི་ གནམ་བྱཱར་ལུ་ ཆརཔ་རྐྱབ་མི་དེ་གིས་ འཁོར་ལམ་བདའ་སྟེ་ དོང་བཏོན་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་པའི་སྐབས་ དཀའ་ངལ་སྦོམ་ཐོན་ཡོདཔ་ཨིན་པས།
འབྲུག་བཟོ་གྲྭ་ཚོགས་པའི་ ལས་རིམ་འགོ་དཔོན་ པདྨ་རྣམ་རྒྱལ་ག་ལེ་གིས་ སླབ་མིའི་ནང་ འཁོར་ལམ་གྱི་གནས་སྟངས་དེ་ ཉིནམ་གཅིག་བ་ ཉིནམ་གཅིག་ སྐྱོ་དྲགས་སྦེ་ར་ ཐལཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཁོར་ལམ་ཁར་ དོང་ལེ་ཤ་ཐོན་ནི་དེ་གིས་ དཔག་བསམ་ཁའི་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་དང་ ཅ་ཆས་ཚུ་ ཕྱིར་ཚོང་གི་དོན་ལུ་ སྐྱེལ་འདྲེན་འབད་བའི་སྐབས་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ ཐོན་ཡོདཔ་མ་ཚད་ སྣུམ་འཁོར་ཚུ་ཡང་ མེདཔ་ཐལ་ནི་དེ་གིས་ བཅོ་ཁ་རྐྱབ་པའི་སྐབས་ ཟད་འགྲོ་མངམ་གནསཔ་མས་ཟེར་ སླབ་ཨིན་པས།
མ་གཞི་ གནད་དོན་དེའི་སྐོར་ལས་ འབྲུག་བཟོ་གྲྭ་ཚོགས་པ་གིས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཡི་གུ་བཏང་ཡོདཔ་ཨིན་རུང་ ད་ཚུན་ ངོས་ལེན་ཅིག་ ག་ནི་ཡང་ མ་འབྱུང་པར་ ཡོད་ཟེར་ཨིན་པས།
འཁོར་ལམ་དེ་ ཞབས་ཏོག་ལྷན་ཁག་གི་ ལམ་སེལ་ལས་ཁུངས་འོག་ལུ་ ཚུདཔ་མ་ཚད་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ འཁོར་ལམ་གྲས་ཁར་ ཚུད་དོ་ཡོདཔ་ལས་ འཁོར་ལམ་ཉམས་བཅོས་ཀྱི་ ཟད་འགྲོ་དེ་ཡང་ ཨེ་ཤི་ཡ་གོང་འཕེལ་མ་དངུལ་གྱིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
གྲོགས་རམ་མ་དངུལ་གྱི་ཐོག་ལས་ འཁོར་ལམ་ཀི་ལོ་མི་ཊར་༡.༡ སེལ་ནི་དང་ རོང་ཆུ་༢ ཀྱི་གུ་ལས་ ཟམ་རྐྱབ་ནི་ཚུ་ ལས་འགུལ་འགོ་བཙུགས་པའི་སྐབས་ སྤུས་ཚད་བཏོན་མ་ཚུགས་ནི་དེ་གིས་ ལཱ་ཆ་མེད་གཏང་དགོཔ་ ཐོན་ནུག།
ཕུན་ཚོགས་གླིང་ལུང་ཕྱོགས་ཀྱི་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ འཁོར་ལམ་ཁར་ དོང་ཐོན་མི་ཚུ་ རྡོ་རུག་བླུགས་ཐོག་ལས་ བསུབས་ཡོདཔ་ཨིན་རུང་ ཆརཔ་རྐྱབ་ནི་དེ་གིས་ རྩི་ནག་གཏང་མ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *