དཔག་བསམ་ཁའི་འཁོར་ལམ་ ཆུ་འཁྱིལ་སྡོད་མིའི་མཐོང་སྣང་།

དཔག་བསམ་ཁའི་འཁོར་ལམ་ ལེགས་ཤོམ་མེད་པའི་དཀའ་ངལ།

༉ འབྲུག་པའི་བཟོ་གྲྭ་མཐུན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ འབད་བ་ཅིན་ དཔག་བསམ་ཁའི་འཁོར་ལམ་ ས་གནས་ བའུ་ནི་ཇོ་ར་དང་ བ་ལུ་ཇོ་ར་རོང་ཆུའི་བར་ན་ ཀི་ལོ་མི་ཊར་༡ དེ་ཅིག་འབད་མིའི་ནང་ ཧོག་ཀ་ལེ་ཤ་ཐོན་ཡོདཔ་ལས་ འཁོར་ལམ་དེ་ ཉམས་བཅོས་འབད་ནིའི་ དུས་ཚོད་ རན་ནུག་ཟེར་ཨིན་པས།
འཁོར་ལམ་དེ་ཁ་ལས་ རྒྱུན་འགྲུལ་འབདཝ་ད་ གནམ་དགུན་ཐལཝ་ལོང་ནི་དང་ གནམ་བྱཱར་ ལམ་གྱི་ཧོག་ཀ་ཚུ་ནང་ ཆུ་འཁྱིལ་སྡོད་མི་གིས་ རྒྱུན་འགྲུལ་འབད་ནི་ལུ་ དཀའ་ངལ་བྱུངམ་ཨིན་པས།
མཐུན་ཚོགས་ཀྱི་ ལས་རིམ་འགོ་དཔོན་ པདྨ་རྣམ་རྒྱལ་དགེ་ལེགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཁོར་ལམ་གྱི་ གནས་སྟངས་དེ་ སྐྱོ་དྲགས་སྦེ་ར་ ལུས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཁོར་ལམ་དེ་ཁ་ལས་ ཕྱིར་ཚོང་དང་ ནང་འདྲེན་གྱི་དོན་ལུ་ དོ་འབག་མི་ སྣུམ་འཁོར་ཚུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
འཁོར་ལམ་བརྒྱུད་དེ་ རྒྱུན་འགྲུལ་འཐབ་མི་ དཔག་བསམ་ཁའི་ བཟོ་གྲྭ་འཕྲུལ་ཁང་གི་ ལས་བྱེདཔ་དང་ ལམ་འགྲུལཔ་ཚུ་གིས་ ལམ་གྱི་གནས་སྟངས་ཀྱི་སྐོར་ལས་ ཉོགས་བཤད་བཀོད་མི་ལུ་བརྟེན་ མཐུན་ཚོགས་ཀྱིས་ འབྲེལ་ཡོད་དབང་འཛིན་ལུ་ ཞུ་ཡིག་བཙུགས་ཡོད་རུང་ ངོས་ལེན་ལེགས་ཤོམ་ཅིག་ མ་བྱུང་ཟེར་ཨིན་པས།
འཁོར་ལམ་དེ་ ལམ་སེལ་ལས་ཁུངས་ཀྱི་ འོག་ལུ་ཨིན་རུང་ སྤྱི་ལོ་༢༠༡༥ ལས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་འབད་མི་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་ཡན་ལག་དཔལ་འབྱོར་ལས་འགུལ་གྱིས་ བདག་འཛིན་འབད་ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ དཔག་བསམ་ཁའི་ས་གནས་ ཨ་ལེ་ལུ་ འཁོར་ལམ་ཀི་ལོ་མི་ཊར་༡.༡ ཉམས་བཅོས་འབད་དགོ་པའི་ཁར་ བའུ་ནི་ཇོ་ར་དང་ བ་ལུ་ཇོ་ར་ལུ་ ཟམ་༢ བཟོ་སྐྲུན་འབད་དགོཔ་ཡོདཔ་ཨིན་པས།
དེ་འབདཝ་ད་ མཉམ་འབྲེལ་གྱི་ལཱ་དེ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ལས་སྡེ་དེ་ དགོངས་ཕོག་བཏང་པའི་ཤུལ་ལུ་ ལཱ་འཕྲོ་མཐུད་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཡན་ལག་དཔལ་འབྱོར་ལས་འགུལ་གྱིས་ དབྱེ་ཞིབ་ཀྱི་ལཱ་ཚུ་ འབད་ཚར་ཡོདཔ་ལས་ ལོག་སྟེ་ར་ ལམ་ཉམས་བཅོས་ཀྱི་དོན་ལུ་ ཁག་འབགཔ་ལུ་ སྤྲོད་ནི་ཟེར་ཨིན་པས།
རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ལམ་སེལ་ལས་ཁུངས་དང་ ལས་འཛིན་༢ འབྲེལ་བ་འཐབ་བཞིན་དུ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེའི་གནད་དོན་དེ་ སེལ་ཐབས་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *