ཁ་ཙ་ བའུ་ནི་ཇོ་ར་ལུ་ སྒེར་འཁོར་ཅིག་གིས་ རོང་ཆུ་བྲེས་མི་གུ་ལས་ བརྒལ་འགྱོ་ནི་གི་ དཔའ་བཅམ་པའི་བསྒང་།

དཔག་བསམ་ཁ་ལུ་ ལམ་བསུབས་མི་ལུ་བརྟེན་ སྣུམ་འཁོར་ཚུ་ ཐོགས་ལུས་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༤ ལས་ དཔག་བསམ་ཁའི་ས་གནས་ བ་ལུ་ཇོ་ར་ལུ་ ལམ་བསུབས་ནི་དེ་གིས་ དཔག་བསམ་ཁ་བཟོ་གྲྭ་ས་ཁོངས་ནང་འགྱོ་མི་ སྣུམ་འཁོར་ཊཱག་༢༠༠ དེ་ཅིག་ ཐོགས་ལུས་ཡོདཔ་ཨིན་པས།
སྣུམ་འཁོར་ཚུ་ཡང་ འཁོར་ལམ་ཕྱོགས་གཉིས་ཆ་རའི་ནང་ གྱལ་བསྣར་ཏེ་ བཞག་ཡོདཔ་ད་ བ་ལུ་ཇོ་ར་ཟམ་གྱི་ ཉེ་འདབས་ལུ་ ས་རུད་སྦོམ་སྦེ་ ཆད་མི་ལུ་བརྟེན་ ལམ་བསུབས་ཡོདཔ་མ་ཚད་ བ་ལུ་ཇོ་རའི་ རོང་ཆུ་དེ་ཡང་ བྲེས་ཡོདཔ་ལས་ སྒེར་འཁོར་ཚུ་ རྒྱུན་འགྲུལ་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་མེད་རུང་ སྣུམ་འཁོར་ཚུ་གིས་ རོང་ཆུ་དེ་ བརྒལ་འགྱོ་ནི་གི་ དཔའ་བཅམ་དོ་ཡོདཔ་ད་ འབྲུག་གི་བཟོ་གྲྭ་མཐུན་ཚོགས་ཀྱི་ ལས་རིམ་འགོ་དཔོན་ པདྨ་རྣམ་རྒྱལ་ག་ལེ་གིས་ སླབ་མིའི་ནང་ གནས་སྟངས་དེ་གིས་ བཟོ་གྲྭ་ཁང་ཚུ་ལུ་ ཤུགས་སྦེ་ར་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟོ་གྲྭ་ཁང་གི་དོན་ལུ་ གཞི་རྟེན་ཅ་ཆས་ཚུ་ སྐྱེལ་འདྲེན་འབད་མ་ཚུགས་པར་ཡོད་པའི་ཁར་ བཟོ་གྲྭ་ཁང་གི་ས་ཁོངས་ནང་ཡོད་མི་ སྣུམ་འཁོར་ཊཱག་ཚུ་ཡང་ ཕྱི་ཁར་འགྲོ་འགྲུལ་འབད་མ་ཚུགས་པར་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ བའུ་ནི་ཇོ་ར་དང་ བ་ལུ་ཇོ་རའི་ ས་ཁོངས་ནང་ ཟམ་གཉིས་བཟོ་སྐྲུན་འབད་ནིའི་ ལས་འགུལ་དེ་ ས་སེག་ལས་སྡེ་ལུ་ སྤྲོད་ཡོད་རུང་ ཁག་འབགཔ་དེ་གིས་ དམིགས་གཏད་གྲུབ་མ་ཚུགས་པར་ ཆ་མེད་བཏང་མི་ལུ་བརྟེན་ ཟམ་རྐྱབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ད་ལྟོ་ བཟོ་སྐྲུན་གོང་འཕེལ་ལས་སྡེ་གིས་གཙོས་པའི་ བཟོ་སྐྲུན་ལས་སྡེ་གསུམ་གྱིས་ ཟམ་དང་ ཆུ་བྱག་རྐྱབ་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
ལས་རིམ་འགོ་དཔོན་གྱིས་ སླབ་མིའི་ནང་ ས་སེག་ལས་འགུལ་ འགོ་བཙུགས་མི་ལུ་ ངལ་རངས་ཡོད་རུང་ དཀའ་ངལ་དེ་ སེལ་མ་ཚུགས་པར་ ལོ་ལས་བཅད་དེ་ ལུས་མི་དེ་ཡང་ སེམས་ཁར་བཞག་དགོཔ་འདུག་ཟེར་ཨིན་པས།
འཁོར་ལམ་དང་ ཟམ་གྱི་གནས་སྟངས་ སྐྱོ་དྲགས་འགྱོ་མི་དེ་གིས་ བཟོ་གྲྭ་ཁང་ཚུ་གི་ ཐོན་སྐྱེད་དང་ ཡུན་བརྟན་ལུ་ ཐོ་ཕོགཔ་མ་ཚད་ མི་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ཁ་ཙ་ དཔག་བསམ་ཁ་ལུ་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ ཐོགས་ལུས་པའི་མཐོང་སྣང་།

ས་རུད་ཆད་མི་དེ་གིས་ ལས་མི་ཚུ་གི་ ཉེན་སྲུང་ལུ་ ཚ་གྱང་སྦོམ་ཡོད་ཟེར་ ལས་རིམ་འགོ་དཔོན་གྱིས་ བཤད་པའི་ཁར་ ཆུ་བྲེས་མི་དང་ ལམ་གྱི་གནས་སྟངས་ལུ་བརྟེན་ ལས་མི་མང་ཤོས་ཅིག་ ལཱ་འབད་བར་ མ་འོང་པར་ཡོད་ཟེར་ བཤདཔ་ཨིན་པས།
བ་ལུ་ཇོ་ར་ལུ་ ས་རུད་ཆད་མི་དེ་གིས་ དཔག་བསམ་ཁ་ལུ་ སྡོད་མི་ཚུ་གིས་ ས་རུད་ཆད་སའི་ལྟག་ལུ་ འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་ཀཝ་ཡོད་མི་དེ་ཡང་ འཕྲོ་མཐུད་དེ་ ཆརཔ་རྐྱབ་པ་ཅིན་ འཕྱག་བདའ་ནི་མས་ཟེར་ བཤདཔ་ཨིན་རུང་ ཁ་ཙ་ལས་ ཆརཔ་དུམ་གྲ་ཅིག་ ཆད་ཡོདཔ་ཨིན་པས།
བའུ་ནི་ཇོ་ར་དང་ བ་ལུ་ཇོ་རའི་ ས་ཁོངས་༢ ནང་ ལམ་བསུབས་མི་ལུ་བརྟེན་ མི་ཚུ་གིས་ ཀི་ལོ་མི་ཊར་༡ ་དེ་ཅིག་གི་རིང་ ལམ་འགྱོ་དགོ་དོ་ཡོདཔ་ད་ བའུ་ནི་ཇོ་རའི་ཁ་ཐུག་ལས་ ཕུན་ཚོགས་གླིང་ལུ་འགྱོ་མི་ གླ་འཁོར་ཚུ་ འགྲོ་འགྲུལ་འབད་ཚུགས་དོ་ཡོདཔ་ཨིན་པས།
དཔག་བསམ་ཁ་ལུ་སྡོད་མི་ སྐྱེས་ལོ་༢༨ ལང་མི་ བདེ་སྐྱིད་དབང་མོ་གིས་ ཁ་ཙ་ མོ་རའི་ཟླཝ་༥ ལང་མི་ བུ་དང་ཅིག་ཁར་ རོང་ཆུ་བརྒལ་ཏེ་ སོང་ཡོདཔ་ད་ མོ་གིས་ བུ་དེ་ སྨན་ཁང་ནང་ དུས་རྒྱུན་གྱི་ བརྟག་དཔྱད་འབད་བར་ ཉེན་ཁ་འབག་ཐོག་ལས་ ཁྱིད་འགྱོ་དོ་ཟེར་ བཤདཔ་ཨིན་པས།
ཉི་མ་སྒྲོལ་མ་ཏ་མང་གིས་ སླབ་མིའི་ནང་ ལམ་མ་སེལ་བར་ བཞག་པ་ཅིན་ མི་ཚུ་གིས་ རྒྱགས་སྐལ་ཚུ་ མ་ཐོབ་པའི་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།
དཔག་བསམ་ཁ་ལུ་སྡོད་མི་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ དཀའ་ངལ་དེ་ ལོ་བསྟར་བཞིན་དུ་ ཐོནམ་མས་ཟེར་ཨིནམ་ད་ བའུ་ནི་ཇོ་ར་དང་ བ་ལུ་ཇོ་རའི་ཟམ་༢ བཟོ་སྐྲུན་འབད་ཚར་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ནང་ ཟམ་དེ་ ཆ་ཤས་ཅིག་ རམ་སོང་པའི་ཤུལ་ལས་ གནས་སྐབས་ཀྱི་ སྤྲིངས་ཟམ་ཅིག་ རྐྱབ་ཡོད་རུང་ ཟམ་གྱི་ཕྱོགས་༡ བརྟན་ཏོག་ཏོ་མེདཔ་ ཐལ་ཡོདཔ་ཨིན་པས།
པདྨ་རྣམ་རྒྱལ་ག་ལེ་གིས་ ལམ་སེལ་ནིའི་དོན་ལུ་ ཁོང་གི་ ཡིག་ཚང་གིས་ མཉམ་འབྲེལ་འབད་དེ་ ས་བརྐོ་འཕྲུལ་ཆས་ཚུ་ བཙུགས་ཏེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *