༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག།
དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ དངུལ་འབྲེལ་ལས་ཁང་༣ གྱིས་ སྤྱི་ཟླ་༥ པའི་ཚེས་༡༣ ལས་ སྐྱིན་འགྲུལ་བྱིན་ནི་ མཚམས་འཇོག་འབད་ཡོདཔ་ད་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་ལས་ཁང་ཚུ་་ལུ་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་ གནད་དོན་སེལ་ཐབས་ལུ་ ཐབས་ཤེས་བཏོན་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
སྐྱིན་འགྲུལ་ལེན་མིའི་ ཁ་ཐུག་ལས་ ཉིན་གྲངས་༩༠ ལས་ལྷག་སྟེ་ སྐྱིན་ཚབ་བཏབ་མ་ཚུགས་མི་ལུ་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མིའི་གྲངས་སུ་ བརྩི་འཇོག་འབད་དོ་ཡོདཔ་ད་ འབྲུག་གོང་འཕེལ་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ དངུལ་ཁང་གིས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ དཀའ་ངལ་བསལ་ནིའི་ ཐབས་ཤེས་ཚུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ ཕུལ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་ཁང་གི་ཧོངས་ལས་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་དེ་ ག་དེ་མར་ཕབ་འབད་ཚུགས་ཚུགས་འབད་ནི་དང་ མི་ཚུ་ དངུལ་ཁང་གི་ ཞབས་ཏོག་ལུ་བརྟེན་སྡོད་དོ་ཡོདཔ་ལས་ སྐྱིན་འགྲུལ་བྱིན་ཆོགཔ་ བཟོ་ནིའི་དོན་ལུ་ དབང་འཛིན་ལུ་ ཞུ་བ་འབད་ཡི་ཟེར་ཨིན་པས།
རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་ ཀུན་བཟང་གིས་ སླབ་མིའི་ནང་ དངུལ་ཁང་གིས་ཡང་ དེ་བཟུམ་མའི་ གནད་དོན་བསལ་ནིའི་ ཐབས་ཤེས་ཚུ་ དབང་འཛིན་ལུ་ ཕུལ་ཡོད་རུང་ དབང་འཛིན་གྱིས་ ཐབས་ཤེས་དེ་ ལེགས་བསྒྱུར་འབད་ཐོག་ལས་ ད་རིས་ཀྱི་ ཟླ་མཇུག་ལུ་ ལོག་བཙུགས་དགོཔ་སྦེ་ བཀོད་རྒྱ་བྱིན་ཏེ་ཡོད་ཟེར་ཨིན་པས།
སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་དེ་ ལག་ལེན་འཐབ་སྟེ་ ལོ་༢ ཀྱི་ནང་འཁོད་ལུ་ འཛིན་གྲོལ་འབད་མི་ སྐྱིན་འགྲུལ་ཡོངས་བསྡོམས་ལས་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་ བརྒྱ་ཆ་༥.༢༣ ལུ་ ལྷོད་དེ་ཡོདཔ་བཞིན་དུ་ སྤྱི་ཟླ་༣ པའི་ནང་ བརྒྱ་ཆ་༡༡ ལུ་ ལྷོད་ཡོད་མི་དེ་ དབང་འཛིན་གྱི་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་ ཚད་གཞི་ལས་ བརྒྱ་ཆ་༥ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
བཟོ་གྲྭ་དང་ ཐོན་སྐྱེད་ལས་སྡེ་ཚུ་ནང་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་ མཐོ་དྲགས་སྦེ་ར་ཡོདཔ་ད་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ གནས་སྡུད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༡ ཟླ་༦ པའི་ནང་འཁོད་ལུ་ སྤྱིར་བཏང་ སི་ཨེསི་ཨའི་དངུལ་ཁང་གི་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་ ཆ་ཚད་དེ་ བརྒྱ་ཆ་༡༢.༦ ཨིན་རུང་ སྤྱི་ལོ་༢༠༢༠ ཟླ་༦ པའི་ནང་ བརྒྱ་ཆ་༤༠ སྡོད་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་འཁོད་ལུ་ སི་ཨེསི་ཨའི་དངུལ་ཁང་གིས་ ཚོང་མགྲོན་པ་༦,༢༤༩ ལུ་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༢.༠༦ བྱིན་ཡོདཔ་ད་ གནས་སྡུད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༠ ཟླ་༦ པའི་ནང་ དངུལ་འབྲེལ་ལས་ཁང་ག་རའི་ནང་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་ བརྒྱ་ཆ་༡༦.༤ (དངུལ་ཀྲམ་ཐེར་འབུམ་༢༦.༦༦) ཡོད་མི་ལས་ སྤྱི་ལོ་༢༠༢༡ ཟླ་༦ པའི་ནང་འཁོད་ལུ་ བརྒྱ་ཆ་༡༦.༤ (དངུལ་ཀྲམ་ཐེར་འབུམ་༢༤.༢༤) ལུ་ མར་བབས་སོང་ཡོདཔ་ཨིན་པས།
དངུལ་ཁང་ཚུ་ནང་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་ ཡོངས་བསྡོམས་བརྒྱ་ཆ་༦༡.༨ ཡོད་མི་ལས་ མཐོ་ཤོས་ར་ འབྲུག་གོང་འཕེལ་དངུལ་ཁང་ལུ་ བརྒྱ་ཆ་༢༡.༦ དང་ དེ་གི་འོག་ལས་ར་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ བརྒྱ་ཆ་༢༠.༦ དེ་ལས་ འབྲུག་གི་དངུལ་ཁང་ནང་ བརྒྱ་ཆ་༡༤.༨ ཡོད་མི་དེ་ཡང་ ན་ཧིང་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ཨིན་པས།
དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་ལོག་ཐོབ་མ་ཚུགས་པའི་ ཆ་ཚད་དེ་ཡང་ བརྒྱ་ཆ་༡༤.༥ ལས་ སྤྱི་ལོ་༢༠༢༡ ཟླ་༦ པའི་འཁོད་ལུ་ བརྒྱ་ཆ་༡༡.༥ ལུ་ མར་བབས་སོང་ཡོདཔ་ད་ དངུལ་ཁང་མིན་མི་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ ཡོངས་བསྡོམས་ལས་ བརྒྱ་ཆ་༣༦ ཡོད་པའི་ཁར་ འབྲུག་ཉེན་བཅོལ་ཚད་འཛིན་ལུ་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་ བརྒྱ་ཆ་༡.༨ ཡོདཔ་ཨིན་པས།
སྐྱིན་ཚབ་བཏབ་མ་ཚུགས་མི་ ཆ་ཚད་དེ་ སྤྱི་ལོ་༢༠༢༠ ཟླ་༦ པའི་ནང་ བརྒྱ་ཆ་༢༡.༩ ལས་ སྤྱི་ལོ་༢༠༢༡ ལུ་ བརྒྱ་ཆ་༢༢.༤ ལུ་ ཡར་སེང་སོང་ཡོདཔ་ད་ ཞབས་ཏོག་དང་ ལྟ་བཤལ་ལས་སྡེ་ནང་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་ བརྒྱ་ཆ་༣༢ (དངུལ་ཀྲམ་ཐེར་འབུམ་༧.༠༦) དང་ བཟོ་གྲྭ་ཁང་ཚུ་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ བརྒྱ་ཆ་༡༨ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༤ དེ་ལས་ ཚོང་འབྲེལ་དང་ཚོང་ལས་ཚུ་ནང་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་ བརྒྱ་ཆ་༡༨ (དངུལ་ཀྲམ་༣.༩༢) དེ་ཅིག་ ཡོདཔ་ཨིན་པས།
ཁྱིམ་བཟོ་ལས་སྡེའི་ཐད་ལུ་ སྤྱི་ལོ་༢༠༢༡ ཟླ་༩ པའི་ནང་འཁོད་ལུ་ སྐྱིན་ཚབ་བཏབ་མ་ཚུགས་མི་ དངུལ་ཀྲམ་ཐེར་འབུམ་༢.༦༡ འབདཝ་ད་ བརྒྱ་ཆ་༡༢ དེ་ཅིག་ཡོད་མི་དེ་ཡང་ སྐྱིན་འགྲུལ་བརྒྱ་ཆ་༨༠ དེ་ གཙོ་བོ་ར་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ གནོད་སྐྱོན་རྐྱབ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།