དངུལ་ཕོགས་ལྷན་ཚོགས་གསུམ་པའི་ དཔྱད་ཡིག་སྙན་ཞུའི་ གྲོས་འདེབས་༥ ཆ་འཇོག་གྲུབ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ དངུལ་ཕོགས་ལྷན་ཚོགས་གསུམ་པའི་ དཔྱད་ཡིག་གི་ སྙན་ཞུའི་གྲོས་འདེབས་༥ ཆ་འཇོག་གྲུབ་ཅི།

མ་གཞི་ ཚོགས་སྡེ་གིས་ དཔལ་འབྱོར་ལས་སྡེ་ཚོགས་ཆུང་ལུ་ དཔྱད་ཡིག་སྙན་ཞུའི་གྲོས་འབུལ་༧ ཡོད་མི་གུ་ བསྐྱར་ཞིབ་འབད་དགོ་པའི་ འགན་ཁུར་སྤྲོད་ཡོདཔ་བཞིན་དུ་ ཚོགས་ཆུང་གི་ གྲོས་འདེབས་༢ ཆ་མེད་བཏང་ནུག།
དཔྱད་ཡིག་དེ་ཡང་ ཚོགས་ཁང་ནང་འཐུས་མི་བསྡོམས་༢༢ ཡོད་ས་ལས་ འཐུས་མི་༢༡ གིས་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཏེ་ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ དཔྱད་ཡིག་དེ་ གསུང་གྲོས་ཀྱི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ལུ་ ཕུལ་ནི་ཨིན་པས།
ཚོགས་སྡེ་གིས་ དངུལ་ཕོགས་ལྷན་ཚོགས་དཔྱད་ཡིག་ཟེར་ཡོད་མི་དེ་ དངུལ་ཕོགས་ལྷན་ཚོགས་ཀྱི་ སྙན་ཞུ་སྦེ་ བཟོ་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་ད་ ད་ལྟོ་ཡོད་པའི་ ས་གནས་གཞུང་གི་ གཞོན་རྟ་དང་ དོ་གླ་ཚུ་ ཞི་གཡོགཔ་དང་འདྲ་མཉམ་གྱི་ཐོག་ལུ་ བསྐྱར་གསོ་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།
དེ་མ་ཚད་ ད་རེས་ནངས་པར་ རྒེད་འོག་གི་དམངས་མི་དང་ ཚོགས་པ་ དེ་ལས་ ཞི་གཡོགཔ་ཚུ་གིས་ ཀི་ལོ་མི་ཊར་རེ་ལུ་ འགྲུལ་འཐུས་དངུལ་ཀྲམ་༦ རེ་ཐོབ་མི་ཚུ་ ཡར་སེང་འབད་ནིའི་དོན་ལུ་ འོས་འབབ་བལྟ་དགོ་པའི་ གྲོས་འབུལ་ཕུལ་ཡོདཔ་ད་ ཁོང་གི་ ཉིན་བསྟར་གླ་འཐུས་དང་ རྒེད་འོག་གི་ ཚོགས་པ་ཚུ་གིས་ ད་རེས་ འགྲུལ་འཕྲིན་གྱི་འཐུས་ དངུལ་ཀྲམ་༡༠༠ ལས་བརྒལ་ འཐོབ་ནི་མེད་མི་ཚུ་ཡང་ ཡར་སེང་འབད་ནི་ལུ་ འོས་འབབ་བལྟ་དགོ་པའི་ གྲོས་འབུལ་ཕུལ་ཡི།
དཔྱད་ཡིག་ཐོག་ལུ་ གྲོས་བསྡུར་འབད་བའི་སྐབས་ ཚོགས་ཆུང་གི་ཁྲི་འཛིན་ དར་དཀར་ནང་འཐུས་མི་ བསོད་ནམས་རྡོ་རྗེ་གིས་ ཞུ་མིའི་ནང་ གཞུང་གིས་འབད་བ་ཅིན་ ས་གནས་གཞུང་གི་རྒཔོ་ཚུ་གིས་ དངུལ་ཕོགས་ཚུ་ཡང་ ཞི་གཡོགཔ་སྡེ་རིམ་༣ པ་ལས་༥ ཚུན་གྱི་ དངུལ་ཕོགས་ཐོབ་དོ་ཟེར་ བཀོད་དེ་འདུག་ཟེར་ཨིནམ་ད་ ཨིན་རུང་ རྒཔོ་ག་གིས་ ག་བཟུམ་ཅིག་གི་ སྡེ་རིམ་གྱི་ དངུལ་ཕོགས་ཐོབ་དོ་ཡོདཔ་ཨིན་ན་ ཁ་གསལ་མེདཔ་ལས་ དྭངས་སེལ་བཟོ་དགོ་འདུག་ཟེར་ཨིན་པས།
གཞུང་གི་སྙན་ཞུ་དང་འཁྲིལཝ་ད་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ ཉིན་བསྟར་བཞིན་དུ་ ཡིག་ཚང་ནང་ འགྱོ་མ་དགོ་པའི་ཁར་ ས་གནས་གཞུང་གི་ལཱ་ཚུ་ རང་སོའི་ཁྱིམ་ནང་ལས་ འབད་བཏུབ་མི་ལུ་བརྟེན་ ངལ་གསོའི་འཐུས་ ལེན་མ་ཆོགཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
ཨིན་རུང་ བུམ་ཐང་གི་འཐུས་མི་ ཉི་མ་གིས་ བཅའ་ཁྲིམས་དང་འཁྲིལ་ ཞི་གཡོགཔ་ཚུ་གིས་ ཐོབ་དོ་བཟུམ་སྦེ་ འགོ་དཔོན་ཚུ་གིས་ཡང་ གལ་སྲིད་ ངལ་གསོ་མ་སྡོད་པ་ཅིན་ ངལ་གསོའི་འཐུས་ལེན་ཆོག་པའི་ ཞུ་བ་ཕུལ་ཡོདཔ་བཞིན་དུ་ ཚོགས་སྡེ་གིས་ ཆ་འཇོག་གྲུབ་ཡོདཔ་ཨིན།
གཞུང་གིས་ ཁྲོམ་དཔོན་ཚུ་གི་ དངུལ་ཕོགས་དེ་ ཡར་སེང་མ་འབད་མི་དེ་ཡང་ ད་རེས་ ཁྲོམ་དཔོན་ཚུ་གིས་ འཐུས་དང་ ཐོབ་ལམ་གཞན་ ཁང་གླའི་འཐུས་ཚུ་ ལངམ་སྦེ་ཡོད་ནི་དེ་གིས་ཨིནམ་མ་ཚད་ ས་གནས་གཞུང་གི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་ནང་ ཁང་གླ་ཚུ་ བྱིན་དགོཔ་སྦེ་བཀོད་དེ་མེད་རུང་ ད་རེས་ བྱིན་ཏེ་ཡོདཔ་ལས་ ཤུལ་ལས་ མི་བྱིན་ཟེར་ཨིན་རུང་ ཚོགས་སྡེ་གིས་འབད་བ་ཅིན་ བྱིན་དགོ་པའི་ གྲོས་བསྡུར་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *