༉ ཕུན་ཚོགས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅིའི་ གོང་ཚད་དེ་ ཧེང་སྐལ་ར་ མར་བབས་སོང་ཡོདཔ་ལས་ ཚོང་འབྲེལ་འཐབ་མི་ཚུ་གིས་ སོ་ནམ་པ་ཚུ་ལུ་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༥༠༠ དང་༥༤༠ དེ་རེ་ བྱིན་དོ་ཡོདཔ་ཨིན་པས།
གོང་ཚད་མར་བབས་དེ་ཡང་ སྤྱི་ཟླ་༩ པའི་སྔ་ཆ་ལུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༦༠༠ དང་༦༥༠ འི་བར་ན་འབད་མི་དང་ཕྱདཔ་ད་ ད་རུང་ མར་བབས་སོང་ཡོདཔ་ད་ འདས་པའི་ལོ་༥ འི་ཧེ་མར་ སོ་ནམ་པ་ཚུ་གིས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠༠༠ རེ་ ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༦ ལས་ དངུལ་ཐོག་གི་གོང་ཚད་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ནུག།
དེ་ཡང་ རྒྱ་གར་ལུ་ རུ་པི་གསརཔ་ཐོན་པའི་ཤུལ་ལས་ རྒྱ་གར་གྱི་ ཚོང་ཉོ་མི་ཚུ་ལུ་ རུ་པི་མེད་པའི་དཀའ་ངལ་གྱིས་ གོང་ཚད་མར་བབས་སོང་ཡོདཔ་ད་ དེ་བསྒང་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༩༠༠ ལས་༧༠༠ ལུ་ བབས་པའི་ཤུལ་ལས་ འཕྲོ་མཐུད་དེ་ར་ གོང་ཚད་མར་བབས་སོང་ཡོདཔ་ཨིན་པས།
ཆུ་ཁ་རྫོང་ཁག་གི་ དར་ལ་རྒེད་འོག་ནང་ དངུལ་ཐོག་འཛུགས་སྐྱོང་འབད་མི་ ཡོན་ཏན་དེ་ ཁ་ཙ་དྲོ་པ་ གོང་ཚད་ཡར་སེང་འབད་ནིའི་དོན་ལུ་ འུར་བྱེལ་འཐབ་སར་མཐོང་ཡོདཔ་ཨིན་རུང་ ཁོ་ལུ་ གོང་ཚད་མཐོ་ཤོས་ར་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༤༠ བྱིན་མི་ཐོན་ནུག།
ང་གིས་ ཨ་ལཱན་ཅི་ཀེ་ཇི་༨༠ འབག་འོང་ཡོདཔ་ལས་ གོང་ཚད་ལེགས་ཤོམ་འཐོབ་ནིའི་ རེ་བ་བསྐྱེད་རུང་ འཐོབ་མ་ཚུགས་ཟེར་ ཁོ་གིས་བཤད་པའི་ཁར་ ཁ་ཙ་ཐོབ་མི་གོང་ཚད་དེ་ དངུལ་ཐོག་འཛུགས་སྐྱོང་འབད་དེ་ ལོ་༨ ནང་ ཉུང་ཤོས་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གོང་ཚད་ལེགས་ཤོམ་འཐོབ་ནིའི་ རེ་བ་བསྐྱེད་དེ་ ས་ཁོངས་གཞན་ཁར་ཡང་ བཙོང་པར་སོང་ཡི་ཟེར་ཨིནམ་ད་ ད་རུང་ཁྱིམ་ནང་ ཀེ་ཇི་༢༠༠ དེ་ཅིག་ ཡོད་ཟེར་ཨིན་པས།
གཞུང་གིས་ ཨ་ལཱན་ཅི་གི་ གོང་ཚད་ཐད་ཁར་ བར་འཛུལ་འབད་ནིའི་ རེ་བ་ཡོད་ཟེར་བཤད་པའི་ཁར་ དངུལ་ཐོག་ཉོ་མི་ཚུ་གིས་འབད་བ་ཅིན་ གོང་ཚད་མར་བབས་སོང་མིའི་ གནད་དོན་ལེ་ཤ་ཡོད་ཟེར་ བཤད་ནི་འདུག།
ང་བཅས་ཀྱིས་ གོང་ཚད་མངམ་འཐོབ་ནིའི་རེ་བ་ཡོད་རུང་ ཉོ་མི་ཚུ་གིས་ ཁོང་ལུ་ ཉོ་ནིའི་གདམ་ཁ་ལེ་ཤ་ཡོད་ཟེར་ སླབ་ནི་འདུག་ཟེར་ ཚོང་འབྲེལ་འགོ་དཔོན་ ཡེ་ཤེས་དབང་ཕྱུག་གིས་ སླབ་ཨིན་པས།
དེ་མ་ཚད་ སོ་ནམ་པ་ཚུ་གིས་ ད་རེས་ནངས་པར་ ཨ་ལཱན་ཅི་རྒྱ་ཆེ་དྲགས་སྦེ་ གཅིག་ཁར་འབག་འོང་ནི་དེ་གིས་ཡང་ ཉོ་མི་ཚུ་གིས་ གོ་སྐབས་ལེན་ཏེ་ གོང་ཚད་བྱིན་མི་བཏུབ་པས་ཟེར་ཨིནམ་ད་ རྒྱ་གར་ལས་ ཉོ་མི་ག་ར་གིས་ གཅིག་ཁར་བསྟུན་གྲོས་འབད་དེ་ གོང་ཚད་ཉུང་སུ་སྦེ་ བྱིན་ནི་དེ་གིས་ ཐབས་ར་མེད་པར་ འབྲུག་པའི་སོ་ནམ་པ་ཚུ་ བཙོང་དགོཔ་ཐོནམ་མས་ཟེར་ཨིན་པས།
འབྲུག་པའི་ཕྱིར་ཚོང་འཐབ་མི་ ལས་སྡེ་ཅིག་དང་གཅིག་ཁར་ ལཱ་འབད་མི་ རྒྱ་གར་གྱི་ ཚོང་འབྲེལ་པ་ཅིག་གིས་ སླབ་མིའི་ནང་ ཨ་ལཱན་ཅི་གི་ མཁོ་འདོད་བཀོད་མི་ གངམ་མིན་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་ ཤུལ་ལས་བཙོང་མ་ཚུགས་པའི་ དཀའ་ངལ་འཐོན་ནི་ཨིནམ་ལས་ ད་ལྟོ་ལས་ མ་ཉོ་བར་བཞག་པ་ཅིན་ དྲག་ནི་མས་ཟེར་ ཁོ་གིས་སླབ་པའི་ཁར་ སོ་ནམ་པ་ཚུ་གིས་ གོང་ཚད་མངམ་འཐོབ་ནིའི་ རེ་བ་བསྐྱེདཔ་ཨིན་རུང་ ང་བཅས་ཀྱིས་ འབད་ཐབས་མིན་འདུག་ཟེར་ཨིན་པས།
འབྲུག་ཕྱིར་ཚོང་ཚོང་འབྲེལ་ལས་སྡེའི་ཇོ་བདག་ ཤི་བ་ལཱལ་ སུ་བི་དི་གིས་ ཨ་ལཱན་ཅི་ཕྱིར་བཙོང་འབད་ནིའི་དོན་ལུ་ ལེགས་ཤོམ་སྦེ་ ཞིབ་འཚོལ་འབད་དགོཔ་འདུག་ཟེར་ཨིནམ་ད་ གཞུང་གིས་ འབྲུག་པའི་ཕྱིར་བཙོང་འབད་མི་ མངམ་ལུ་དང་འདོད་བསྐྱེད་བཅུག་དགོཔ་འདུག་ཟེར་ཨིན་པས།
ལས་སྡེ་གིས་ སི་ལི་གུ་རི་དང་ ལྡི་ལི་ དེ་ལས་ བང་ལ་དེཤ་ལུ་ཡང་ ཕྱིར་བཙོང་འབད་དོ་ཡོདཔ་ད་ ལྡི་ལི་ལུ་ གོང་ཚད་ལེགས་ཤོམ་ཡོད་རུང་ ཉོ་མི་ཚུ་གིས་ སྤུས་ཚད་ལེགས་ཤོམ་དགོཔ་སྦེ་ སླབ་ནི་འདུག་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ཡོད་མི་ ཚོང་འབྲེལ་པ་ཚུ་གིས་ སླབ་མིའི་ནང་ གཞུང་གིས་ ཨ་ལཱན་ཅིའི་ཚོང་འབྲེལ་སྐོར་ལས་ ཞིབ་འཚོལ་ག་ནི་ཡང་ འབད་དེ་མིན་འདུག་ཟེར་ཨིནམ་ད་ ཚོང་འབྲེལ་དེ་ནང་ སོ་ནམ་པ་ཚུ་མ་གཏོགས་ ཕྱིར་ཚོང་འབད་ནིའི་ནང་ བཅའ་མར་གཏོགས་མི་ ག་ཡང་མིན་འདུག་ཟེར་ཨིན་པས།
སོ་ནམ་ལྷན་ཁག་གི་ ཚོང་འབྲེལ་མཉམ་འབྲེལ་ལས་ཁུངས་ཀྱི་ ཚོང་འབྲེལ་གཙོ་འཛིན་ ཡོན་ཏན་རྒྱ་མཚོ་གིས་ སླབ་མིའི་ནང་ ལྷན་ཁག་གིས་ བདུན་ཕྲག་དག་པ་ཅིག་གི་ཧེ་མར་ ཞིབ་འཚོལ་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ཡང་ ད་ཚུན་ ཞིབ་འཚོལ་མཐིལ་ཕྱིན་ཅིག་ འབད་དེ་མིན་འདུག་ཟེར་ཨིནམ་ད་ ཞིབ་འཚོལ་འབད་ནིའི་དོན་ལུ་ ས་ཁོངས་ནང་སོང་སྟེ་ གྲོས་བསྟུན་ཚུ་འབད་ཡི་ཟེར་ཨིནམ་ད་ དེའི་སྙན་ཞུ་དེ་ཡང་ འཕྲལ་མགྱོགས་ར་ གསལ་སྟོན་འབད་འོང་ཟེར་ཨིན་པས།
སྤྱི་ཟླ་༧ པ་ལས་ རྒྱ་གར་ལུ་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་མི་དེ་གིས་ཡང་ གོང་ཚད་ལུ་ ཐོ་ཕོག་སྟེ་ཡོདཔ་ད་ འབྲུག་བཟའ་ཆས་དང་ ཁྲིམས་དོན་དབང་འཛིན་གྱི་ ལག་ཁྱེར་དེ་ལུ་ ངོས་ལེན་འབད་མ་བཏུབ་ནི་དེ་གིས་ཡང་ ཕྱིར་བཙོང་འབད་མི་ཚུ་ ཀཱོལ་ཀ་ཊ་ལས་ དོ་གི་ལག་ཁྱེར་ ལེན་དགོཔ་བཟོ་ཡོདཔ་ཨིན་པས།
ཁྲལ་གྱི་ལམ་ལུགས་ འགོ་བཙུགས་པའི་ཤུལ་ལས་ བར་ན་ལས་ ཚོང་འབྲེལ་འབད་མི་ཡང་ ལེ་ཤ་ཐོན་ཡོདཔ་ད་ དེ་གིས་ཡང་ ཨ་ལཱན་ཅི་གི་ཚོང་འབྲེལ་ མར་བབས་སོང་ཡོདཔ་ཨིན་པས།
ཨིན་རུང་ ཨ་ལཱན་ཅི་བཙོང་སའི་ ས་ཁོངས་ནང་ བསམ་འཕེལ་གླིང་ལས་ ཨ་ལཱན་ཅི་ཀེ་ཇི་༣༡ ཉོ་འབག་མི་ ཀ་ལུ་མཱན་རའི་དེ་ གོང་ཚད་ལེགས་ཤོམ་འཐོབ་ནི་ལུ་ སྒུག་སྡོད་སར་མཐོང་ཅི།
དུས་སྟོན་ཚུ་ འགོ་བཙུགས་ཡོདཔ་ལས་ ཏི་རུ་དུམ་གྲ་ཅིག་ བཟོ་ནིའི་རེ་བ་བསྐྱེད་དེ་ འོང་ཡོད་རུང་ ཚོང་ཉོ་མི་ཚུ་ལུ་ ཏི་རུ་མིན་འདུག་ཟེར་ ཁོ་གིས་བཤད་པའི་ཁར་ ཁོ་ལུ་ མཐོ་ཤོས་གོང་ཚད་༥༤༠ སྤྲོད་མི་ཐོན་ནུག།
འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱིས་ གནས་སྡུད་བཞག་མི་དང་འཁྲིལཝ་ད་ འབྲུག་གིས་ སྤྱི་ལོ་༢༠༡༠ ལས་༢༠༡༥ འི་བར་ན་ བང་ལ་དེཤ་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༣༣ གནས་པའི་ ཨ་ལཱན་ཅི་ཕྱིར་ཚོང་འབད་ཡོདཔ་ད་ སྤྱི་ལོ་༢༠༡༤ ལུ་ འབྲུག་གིས་ བང་ལ་དེཤི་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡༠ གནས་པའི་ ཨ་ལཱན་ཅི་ཕྱིར་ཚོང་ འཐབ་ཡོད་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།