༉ ཕ་ཞིང་བདག་འཛིན་འཐབ་ནི་དང་ སོ་ནམ་གྱི་ལཱ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་མི་ བཀྲིས་སྒང་ ཁྲིམས་ཤིང་རྒེད་འོག་ ཝེམ་མཁར་གཡུས་ཚན་ལས་ སྐྱེས་ལོ་༣༣ ལང་མི་ ཡེ་ཤེས་དབང་ཕྱུག་གིས་ ད་རེས་ནངས་པར་ ཚོད་བསྲེ་དང་ ཤིང་གི་ལྕངམ་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ སྨན་ཆུ་སྒང་ལས་ ཀི་ལོ་མི་ཊར་༡ དེ་ཅིག་ལུ་ བྱང་གདུང་གཡུས་ཚན་ནང་ སྐམ་ཞིང་ཨེ་ཀར་ཕྱེད་དང་༥ ལྷགཔ་ཅིག་ནང་ དངུལ་ཐོག་ལྡུམ་རའི་ ལས་འགུལ་ཅིག་ འགོ་བཙུགས་ཏེ་འདུག།
ཡེ་ཤེས་དབང་ཕྱུག་གིས་ སྤྱི་ལོ་༢༠༠༤ ལུ་ སློབ་རིམ་༡༠ པ་ མཐར་འཁྱོལ་ཞིནམ་ལས་ དངུལ་རྩིས་ལྷན་ཁག་ནང་ ལོ་༥ འི་རིང་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༡༡ ལུ་ འཕྲོ་མཐུད་ཤེས་ཡོན་སྦྱང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ ལས་༢༠༡༥ ཚུན་ རྒྱ་གར་ལས་ ཚོང་རིག་བདག་སྐྱོང་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ནུག།
དེ་ལས་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་དེ་ གཡུས་ཁར་འོང་མི་དེ་ཡང་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ ཁོ་རའི་ཨ་པ་ སྐུ་སྲུང་དམག་སྡེ་ནང་ ཕྱག་ཞུ་བའི་ངོས་འཛིན་ལུ་ སའི་སྐྱིད་སྡུག་གནང་རུང་ བཟའ་སྤྱོད་འབད་མ་ཚུགས་པར་ལུས་མི་དེ་ ལྡུམ་ར་རིག་པའི་ལས་རིམ་ འགོ་བཙུགས་ཡོདཔ་ཨིན་པས།
ཡེ་ཤེས་དབང་ཕྱུག་གིས་ སླབ་མིའི་ནང་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་ལས་ མ་དངུལ་གྱི་རྒྱབ་སྐྱོར་ གནང་མ་བཏུབ་ལས་ ཕམ་སྤུན་ཆ་དང་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་དུམ་གྲ་རེ་ ལེན་ཞིནམ་ལས་ སྤྱི་ལོ་༢༠༡༦ ལུ་ ཤིང་འབྲས་ཀྱི་རིགས་༤ གི་ལྕངམ་༨༠༠ ལྷགཔ་ཅིག་ འཛུགས་སྐྱོང་འབད་ཡོདཔ་མ་ཚད་ དུས་ཚོད་དང་འཁྲིལ་ ཚོད་བསྲེ་རིགས་གཞན་ཚུ་ཡང་ འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་དོ་ཟེར་ཨིན་པས།
ཡེ་ཤེས་དབང་ཕྱུག་གིས་ སླབ་མིའི་ནང་ ལས་མི་མ་ཐོབ་པའི་ དཀའ་ངལ་ལུ་བརྟེན་ འཛུགས་སྐྱོང་འབད་མི་ ཤིང་གི་ལྕངམ་ཚུ་ མེདཔ་ཐལ་ནི་དང་ འཛིན་སྐྱོང་འཐབ་མ་ཚུགས་པའི་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ཟད་འགྲོ་མ་དངུལ་ དངུལ་ཀྲམ་འབུམ་༦ ལྷགཔ་ཅིག་བཏང་སྟེ་ གུ་ལི་ཤིང་གི་ལྕངམ་༡༧༠ དང་ ཨམ་ཅུ་ཀུ་ལི་ལྕངམ་༡༣༠ དེ་ལས་ ལྕངམ་གཞན་ཚུ་ འཛུགས་སྐྱོང་འབད་དེ་ ལོ་༡ ལས་བརྒལ་མ་ལང་ནི་དེ་གིས་ འོང་འབབ་བཟོ་ནི་ལུ་ ད་རུང་ ལོ་དག་པ་ཅིག་ འགོར་ནི་མས་ཟེར་ སླབ་ཨིན་པས།
ཁོ་གི་ ལྡུམ་ར་ནང་ མི་དབང་རྒྱལ་ཚབ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ བྱོན་གནངམ་མ་ཚད་ བཀའ་སློབ་བཟང་པོ་ཚུ་ཡང་ གནང་ནི་དེ་གིས་ ལྷག་པར་དུ་ ལཱ་འབད་ནི་ལུ་ སྤྲོ་བ་ཐེབས་བྱུང་སྟེ་ཡོད་ཟེར་ ཡེ་ཤེས་དབང་ཕྱུག་གིས་ སླབ་ཨིན་པས
དེ་བཟུམ་གྱི་ལཱ་འབདཝ་ད་ ཆུ་དང་ མ་དངུལ་ དེ་ལས་ ལས་མིའི་དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིནམ་ད་ མ་གཞི་ ལས་གཡོག་ལྷན་ཁག་དང་འཁྲིལ་བ་ཅིན་ ལཱ་གཡོག་མེད་པར་སྡོད་མི་ ན་གཞོན་ཚུ་ལུ་ དངུལ་ཕོགས་ཕྱེད་ཀ་གནང་ནི་ཡོད་རུང་ སྤྲོ་བ་བསྐྱེད་མི་ ག་ཡང་མ་འཐོན་ཟེར་ཨིན་པས།
ན་གཞོན་ཚུ་ལུ་ ཉིན་བསྟར་གྱི་འཐུས་ དངུལ་ཀྲམ་༥༠༠ རེ་སྤྲོད་དེ་ ལས་འགུལ་གྱི་ ས་ཞིང་སྟོངམ་ཚུ་ནང་ ཆུ་གོན་འཛུགས་ སྐྱོང་དང་ ཚོད་བསྲེའི་ལཱ་ཚུ་ འབད་བཅུག་དོ་ཟེར་ཨིནམ་ད་ དེ་གིས་ འོང་འབབ་ཡང་ ལེགས་ཤོམ་བཟོ་ཚུགས་ཟེར་ཨིན་པས།
མ་འོངས་པ་ལུ་ ཤིང་འབྲས་ཀྱི་ ཚོང་སྒྱུར་འཐབ་མ་ཚུགས་པའི་ དཀའ་ངལ་མི་འཐོན་ནི་ཨིན་མི་ཡང་ གླིང་མི་ཐང་ བོང་སྡེ་མ་ལུ་ བཟོ་གྲྭ་འཕྲུལ་ཁང་དང་ སོ་ནམ་འཕྲུལ་ཆས་བཟོ་གྲྭ་ཁང་ གཞི་བཙུགས་ཀྱི་དོན་ལུ་ ད་རེས་ནངས་པར་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོད་མི་ལུ་ བརྟེན་ཨིན་པས།
བྱང་གདུང་གཡུས་ཚན་ལས་ སྐལ་བཟང་གིས་ སླབ་མིའི་ནང་ རྒེད་འོག་ནང་ དཔེ་སྟོན་དང་འདྲཝ་སྦེ་ ལྡུམ་ར་ལས་འགུལ་ འགོ་འདྲེན་འཐབ་མི་དེ་གིས་ སྤྱིར་བཏང་སོ་ནམ་པ་ཚུ་ལུ་ ཁེ་ཕན་བྱུང་ནི་ཨིནམ་མ་ཚད་ གཡུས་ཁའི་ན་གཞོན་ ལཱ་གཡོག་མེད་པར་ སྡོད་མི་ཚུ་ལུ་ཡང་ སོ་ནམ་གྱི་ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཅི་ཟེར་ཨིན་པས།
ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་འབད་བ་ཅིན་ ཡེ་ཤེས་དབང་ཕྱུག་གིས་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཞིནམ་ལས་ དུས་ཚོད་འཕྲོ་བརླག་མ་བཏང་པར་ གཡུས་ཁར་འོང་སྟེ་ ས་ཞིང་སྟོངམ་བཞག་མི་ཚུ་ བཟའ་སྤྱོད་འབད་ནི་ འགོ་བཙུགས་མི་ལུ་བརྟེན་ མི་སེར་གཞན་ཚུ་གིས་ཡང་ དཔེ་བལྟ་སྟེ་ ད་རེས་ནངས་པར་ ལཱ་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཡེ་ཤེས་དབང་ཕྱུག་གིས་ སླབ་མིའི་ནང་ མ་འོངས་པ་ལུ་ ལས་འགུལ་དེ་གིས་ འོང་འབབ་འབོར་ཆེ་ཏོག་ཏོ་ བཟོ་ཚུགས་པ་ཅིན་ ལས་འགུལ་རྒྱ་སྐྱེད་འབད་ནི་དང་ ལྷག་པར་དུ་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ དེ་ལས་ མི་སེར་ཚུ་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགསཔ་བཟོ་ནིའི་དོན་ལུ་ འཆར་གཞི་དང་ ལས་རིམ་ཚུ་ བརྩམ་པའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།