དངུལ་ཁང་གི་ ལས་བྱེདཔ་ཅིག་ལུ་ དངུལ་ཀྲམ་ས་ཡ་༡༡.༧༦༤ ལོག་སྤྱོད་འབད་བའི་ཁ་ཉེས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ པདྨ་དགའ་ཚལ་དང་ དགེ་ལེགས་ཕུག་ལུ་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་༢ ནང་ ཞིབ་དཔྱད་རྐྱབ་ཚར་ཏེ་ ཡན་ལག་འཛིན་སྐྱོང་ལས་རོགསཔ་ལུ་ དངུལ་ཀྲམ་ས་ཡ་༡༡.༧༦༤ ལྷགཔ་ཅིག་ ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་འབད་ནུག།

དེ་ཡང་ ཡན་ལག་དངུལ་ཁང་༢ ནང་ ལཱ་འབད་མི་ ཕུར་པ་རྒྱལ་མཚན་གྱིས་ སྐྱིན་འགྲུལ་ལེན་མི་ཚུ་གི་ རྩིས་ཁྲ་རྫུས་མ་བཟོ་ཐོག་ལས་ པདྨ་དགའ་ཚལ་ལུ་ ཡན་ལག་དངུལ་ཁང་ལས་ དངུལ་ཀྲམ་ས་ཡ་༨.༤༧༢ དང་ དགེ་ལེགས་ཕུག་ཡན་ལག་དངུལ་ཁང་ལས་ དངུལ་ཀྲམ་ས་ཡ་༣.༠༥༠ ལོག་སྤྱོད་འབད་ཡོད་པའི་ མངོན་གསལ་བྱུང་ནུག།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ མ་དངུལ་ལོག་སྤྱོད་དེ་ཡང་ ཁ་ཉེས་ཕོག་མི་ ཕུར་པ་རྒྱལ་མཚན་དེ་ དགེ་ལེགས་ཕུག་ཡན་ལག་དངུལ་ཁང་ནང་ ལཱ་འབད་བའི་སྐབས་ སྤྱི་ལོ་༢༠༡༢ ལས་ འགོ་བཙུགས་མི་དེ་ པདྨ་དགའ་ཚལ་ལུ་ གནས་སོར་བཏང་པའི་ཤུལ་ལས་ཡང་ འཕྲོ་མཐུད་དེ་ར་ ལོག་སྤྱོད་འབད་ཡོད་པའི་ མངོན་གསལ་བྱུང་ནུག།

ཁོ་གིས་ དགེ་ལེགས་ཕུག་ལུ་ སོ་ནམ་པ་༡༩ དང་ པདྨ་དགའ་ཚལ་ལུ་ སོ་ནམ་པ་༡༧ གྱི་ སྐྱིན་འགྲུལ་རྩིས་ཁྲ་རྫུས་མ་བཟོ་སྟེ་ མ་དངུལ་ལོག་སྤྱོད་འབད་མི་དེ་ཡང་ སྐྱིན་འགྲུལ་བཏབ་ཚར་མི་ཚུ་གི་ ཡིག་ཆ་དང་ གཏའ་མའི་ཡིག་ཆ་ཚུ་ ལག་ལེན་འཐབ་སྟེ་ སྐྱིན་འགྲུལ་འབྲི་ཤོག་ཚུ་ནང་ ཁོ་ར་གིས་བཀང་སྟེ་ ལག་རྗེས་རྐྱབ་པའི་ཤུལ་ལས་ ཁོ་ར་ འཛིན་སྐྱོང་པའི་ ངོ་ཚབ་སྦེ་སྡོདཔ་ད་ སྐྱིན་འགྲུལ་གྱི་ གནང་བ་གྲུབ་ནུག་ཟེར་ཨིན་པས།

མ་དངུལ་ལོག་སྤྱོད་ཀྱི་ གནད་དོན་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༡༧ ལུ་ དངུལ་ཁང་གིས་ དངུལ་ཁང་ཡན་ལག་འཛིན་སྐྱོང་པ་ལས་རོགས་ ཕུར་པ་རྒྱལ་མཚན་གྱིས་ མི་ངོ་༨ ཀྱི་མིང་ཐོ་ལུ་ ཡིག་ཆ་རྫུས་མ་བཟོ་སྟེ་ དངུལ་ཀྲམ་ས་ཡ་༣.༨༠༠ ལྷགཔ་ཅིག་ ལོག་སྤྱོད་འབད་ནུག་ཟེར་ པདྨ་དགའ་ཚལ་གྱི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་ ཡིག་ཆ་རྫུས་བཟོའི་ རྩོད་དོན་སྦེ་ ཐོ་བཀོད་འབད་དེ་ དོགས་ཅན་དེ་ པདྨ་དགའ་ཚལ་ཁྲོམ་ལས་ འཛིན་བཟུང་འབད་དེ་ དྲི་དཔྱད་ཀྱི་དོན་ལུ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

དེ་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་རྐྱབ་པའི་ཤུལ་ལས་ སྤྱི་ཟླ་༨ པའི་ཚེས་༢༨ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ སྤྱི་ཟླ་༩ པའི་ཚེས་༤ ལས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགསཔ་ད་ པདྨ་དགའ་ཚལ་ཡན་ལག་དངུལ་ཁང་ལས་ དངུལ་ཀྲམ་ས་ཡ་༨.༤༧༢ ལྐོག་ཟ་འབད་བའི་ མངོན་གསལ་བྱུང་མི་དང་འཁྲིལ་ དགེ་ལེགས་ཕུག་ལུ་ དུས་ཅི་ སྤྱི་ཟླ་༡ པ་ཚུན་ ཞིབ་དཔྱད་རྐྱབ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *