༉ ཐིམ་ཕུག་འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་ནང་ དངུལ་ཀྲམ་ས་ཡ་༥༧༦.༤༦༩ དེ་ཅིག་ ལྐོག་ཟ་དང་ གཡོ་སྒྱུ་ལག་ལེན་གྱི་ དོགས་པ་ཡོད་པའི་ ཞིབ་དཔྱད་སྙན་ཞུ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
ཚུལ་མིན་ལག་ལེན་གྱི་ སྙན་ཞུ་དེ་ བསྐྱར་ཞིབ་ཀྱི་དོན་ལུ་ ང་བཅས་ཀྱིས་ ཁྲིམས་རྩོདཔ་གཉིས་ལུ་ ལཱ་འགན་སྤྲོད་དེ་ཡོད་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་བཤེར་གཙོ་འཛིན་ ཀུན་ལེགས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
དེ་ཡང་ དངུལ་ཁང་ཚད་འཛིན་དེ་གི་ ལས་འགུལ་འགོ་དཔོན་ཅིག་གིས་ སྤྱི་ལོ་༢༠༡༣ དང་༢༠༡༦ གི་བར་ན་ ཨོ་ཌི་ཟེར་མི་ བསྐྱིན་འགྲུལ་གསོག་འཇོག་མ་དངུལ་དང་ དུས་མཚམས་བསྐྱིན་འགྲུལ་ཚུ་ གཡོ་སྒྱུའི་ཐོག་ལས་ ཡར་སེང་འབད་བྱིན་མི་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་པའི་ སྙན་ཞུ་དེ་ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ ཉེས་བཤེར་གྱི་དོན་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ གཡོ་སྒྱུ་ལག་ལེན་ནང་ འབྲེལ་གཏོགས་ཡོད་མི་ དངུལ་ཁང་གི་ ལས་འགུལ་དཔོན་དང་ ལས་མགྲོན་པ་གཞན་༨ ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།
ཞིབ་དཔྱད་འབད་བའི་སྐབས་ལུ་ སྒྲུབ་བྱེད་དང་ གནད་དོན་ཆ་མཉམ་ལུ་ བསྐྱར་ཞིབ་འབད་བའི་སྐབས་ དངུལ་ཁང་གི་ ལས་འགུལ་འགོ་དཔོན་ པདྨ་དངོས་གྲུབ་ཀྱིས་ ལས་མགྲོན་པ་༥༥ ལུ་ བསྐྱིན་འགྲུལ་ཚོགས་ཆུང་ལས་ གནང་བ་མེད་པར་ བསྐྱིན་འགྲུལ་ཚུ་ ཡར་སེང་འབད་དེ་ དངུལ་ཀྲམ་བསྡོམས་ས་ཡ་༥༧༦.༤༦༩ བྱིན་ཡོད་པའི་ མངོན་གསལ་བྱུང་ནུག།
ལས་འགུལ་འགོ་དཔོན་དེ་གིས་ དངུལ་ཁང་གི་ ལམ་ལུགས་ལེགས་ཤོམ་མེད་མི་ལུ་ གོ་སྐབས་ལེན་ཏེ་ བསྐྱིན་འགྲུལ་དང་ ཁྲིམས་དོན་སྡེ་ཚན་ལུ་ ཤེས་རྟོགས་མེདཔ་སྦེ་ བསྐྱིན་འགྲུལ་དང་ གཏའ་མ་བཙུགས་ཡོད་མི་ རྒྱུ་དངོས་ཀྱི་ གནས་གོང་ཡར་སེང་རྐྱབ་སྟེ་ གཡོ་སྒྱུ་འཐབ་ཡོདཔ་ཨིན་པས།
པདྨ་དངོས་གྲུབ་ཀྱིས་ དུས་མཚམས་བསྐྱིན་འགྲུལ་ཚུ་ ཡར་སེང་རྐྱབ་སྟེ་བྱིནམ་ད་ དངུལ་སྤྲོད་འཛིན་ཐོ་ཚུ་ནང་ ཁྲིམས་དོན་ལས་རོགསཔ་༢ ཀྱི་ མིང་རྟགས་རྫུས་མ་རྐྱབ་ནུག་ཟེར་ཨིནམ་ད་ དངུལ་ཁང་གི་ འཛིན་སྐྱོང་ཁ་ཐུག་ལས་ ཡིག་ཚང་གི་ བཀའ་རྒྱ་ལེ་ཤ་བཏོན་མི་དེ་གིས་ འདི་བཟུམ་མའི་ ཚུལ་མིན་ལག་ལེན་ཚུ་ འཐབ་ནུག་ཟེར་ ལྷན་ཚོགས་ཀྱི་ སྙན་ཞུ་ནང་བཀོད་ནུག།
དེ་མ་ཚད་ སྤྱི་ལོ་༢༠༡༣ ལུ་ཡང་ ལས་འགུལ་འགོ་དཔོན་གཞན་ཅིག་གིས་ བསྐྱིན་འགྲུལ་ཡར་སེང་དང་འབྲེལ་བའི་ བྱ་ངན་འཐབ་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ མ་འོངས་པ་ལུ་ ལས་གཡོགཔ་ཚུ་གིས་ འདི་བཟུམ་མའི་ གཡོ་སྒྱུ་ལག་ལེན་འཐབ་ནི་ལས་ བཀག་ཐབས་ལུ་ ལམ་ལུགས་ལུ་ བསྐྱར་ཞིབ་འབད་དེ་ ལེགས་བཅོས་འབད་དགོ་པའི་ བཀའ་རྒྱ་གནང་སྟེ་ཡོད་རུང་ དངུལ་ཁང་གི་ འཛིན་སྐྱོང་གིས་ ལམ་ལུགས་དེ་ ལེགས་བཅོས་མ་འབད་བར་ སྔར་ག་ཨིནམ་སྦེ་ར་ བསྟར་སྤྱོད་འབད་སྡོད་ནུག་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བསྐྱིན་འགྲུལ་ལེན་མི་ ལས་མགྲོན་པ་༥༥ དེ་ ཁག་གསུམ་ལུ་ དབྱེ་ཐོག་ལས་ གཡོ་སྒྱུ་འཐབ་མི་དེ་ནང་ གྲལ་གཏོགས་འབད་མི་ ག་དེམ་ཅིག་ཡོདཔ་ཨིན་ན་དང་ འབྲེལ་གཏོགས་མེད་མི་ཚུ་ བརྟག་ཞིབ་འབད་བའི་ཁར་ བདེན་དཔྱད་ཀྱི་དོན་ལུ་ འབྲེལ་བ་འཐབ་མ་ཚུགས་མི་ཚུ་ སོ་སོར་བཏོན་བཞག་ཡོདཔ་ཨིན་པས།
གཡོ་སྒྱུ་ལག་ལེན་ཚུ་གི་གྲས་ལས་ སྤ་རོ་ལུ་ཡོད་མི་ འབྲུག་ལྷ་ཡུལ་བཟོ་སྐྲུན་སྒེར་སྡེའི་ཇོ་བདག་ དཔལ་ལྡན་རྡོ་རྗེ་ལུ་ ཨོ་ཌི་བསྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་༣༧.༩༠ ཁྲིམས་མཐུན་ཐོག་ འཛིན་གྲོལ་འབད་ཡོད་མི་གུ་ པདྨ་དངོས་གྲུབ་ཀྱིས་ བསྐྱིན་འགྲུལ་ཚོགས་ཆུང་ལས་ གནང་བ་མེད་པར་ བརྒྱད་ལྟབ་ཡར་སེང་འབད་དེ་ དངུལ་ཀྲམ་ས་ཡ་༩༦.༡༠༠ བྱིན་ནུག་ཟེར་ཨིན་པས།
དཔལ་ལྡན་རྡོ་རྗེ་ལུ་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༩༦.༡༠༠ ཡར་སེང་འབད་བྱིན་པའི་ དགའ་ཚོར་ལུ་ དཔལ་ལྡན་རྡོ་རྗེ་དང་ ཁོ་རའི་གནས་ཚང་གི་ རྩིས་ཁྲ་ཚུ་ལས་ པདྨ་དངོས་གྲུབ་ཀྱིས་ ཏི་རུ་ལན་ཐེངས་ལེ་ཤ་བཏོན་བཅུག་ནུག་ཟེར་ཨིནམ་ད་ པདྨ་དངོས་གྲུབ་ཀྱིས་ དཔལ་ལྡན་རྡོ་རྗེའི་ གནས་ཚང་གི་ མིང་རྟགས་རྫུས་མ་རྐྱབ་སྟེ་ སྤྱི་ལོ་༢༠༡༥ ཟླ་༨ པའི་ཚེས་༢ ལུ་ དངུལ་འཛིན་ཅེག་༢ ལས་ དངུལ་ཀྲམ་ས་ཡ་༡.༣༢༡ དང་ སྤྱི་ཟླ་༩ པའི་ཚེས་༡༦ ལུ་ དཔལ་ལྡན་རྡོ་རྗེའི་ རྩིས་ཁྲ་ནང་ལས་ དངུལ་ཀྲམ་ས་ཡ་༡.༣༤༡ མིང་རྟགས་རྫུས་མ་རྐྱབ་སྟེ་ བཏོན་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུག་ཨོ་ལ་ཁ་ལས་ རིག་འཛིན་སྒྲོལ་མ་ལུ་ ཁྱིམ་བཟོའི་བསྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་༨.༧ ཁྲིམས་མཐུན་ཐོག་ འཛིན་གྲོལ་འབད་ཡོདཔ་མ་ཚད་ པདྨ་དངོས་གྲུབ་ཀྱིས་ དངུལ་ཀྲམ་ས་ཡ་༢༤,༣ ཁྲིམས་འགལ་ཐོག་ལས་ ཡར་སེང་འབད་དེ་ བྱིན་ཡོདཔ་ཨིན་པས།
ད་རུང་ རིག་འཛིན་སྒྲོལ་མའི་བུ་ བསོད་ནམས་དབང་རྒྱལ་གྱིས་ ལྟ་བཤལ་དང་འབྲེལ་བའི་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣ ཁྲིམས་མཐུན་ཐོག་དང་ དངུལ་ཀྲམ་ས་ཡ་༠.༣༥ ཁྲིམས་འགལ་ཐོག་ལེན་ཡོདཔ་བཞིན་དུ་ ཁོང་གཉིས་ཀྱིས་ བསོད་ནམས་དབང་རྒྱལ་གྱི་ ནུ་གཅུང་ཀུན་ལེགས་དངོས་གྲུབ་ཀྱི་ མིང་ཐོ་ཁར་ དངུལ་ཀྲམ་ས་ཡ་༧.༧ གནང་བ་མེད་པར་ ལེན་མི་དེ་ སྤྱོད་ཡོདཔ་མ་ཚད་ བར་སྦིས་སུ་ ས་ཆ་ཌིསི་༡༢.༡༩ དེ་ དངུལ་ཀྲམ་ས་ཡ་༥.༣༦༠ སྦེ་ ཉོ་ནུག་ཟེར་ཨིན་པས།
དེ་ལས་ ཨོ་ལ་ཁ་ལུ་ འབྲུག་ཚོང་ལས་ཁང་ལག་ལེན་འཐབ་མི་ བཟང་ལ་གིས་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡.༥ ལེན་ཡོདཔ་མ་ཚད་ པདྨ་དངོས་གྲུབ་ཀྱིས་ གསུམ་ལྟབ་ཡར་སེང་ཐོག་ དངུལ་ཀྲམ་ས་ཡ་༡༡.༥ བྱིན་ཡོདཔ་ད་ བཟང་ལའི་གནས་ཚང་གི་ བསྐྱིན་འགྲུལ་དེ་ཡང་ དངུལ་ཀྲམ་ས་ཡ་༡ ལས་ས་ཡ་༢༤ ལུ་ ཡང་སེང་རྐྱབ་བྱིན་ནུག་ཟེར་ཨིནམ་ད་ དེ་གི་དགའ་ཚོར་ལུ་ བཟང་ལ་གིས་ པདྨ་དངོས་གྲུབ་ལུ་ དངུལ་ཀྲམ་ས་ཡ་༡.༡༥ སྦྱོར་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
བྱང་ཆུབ་ཁྱིམ་བཟོ་སྒེར་སྡེའི་ རིག་འཛིན་ལུ་ ཨོ་ཌི་བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༣.༥ གནང་བ་གྲུབ་མིའི་གུ་ པདྨ་དངོས་གྲུབ་ཀྱིས་ དངུལ་ཀྲམ་ས་ཡ་༢༥ ཡར་སེང་རྐྱབ་བྱིན་ཡོདཔ་མ་ཚད་ རིག་འཛིན་གྱི་ནུ་གཅུང་ དབང་ཕྱུག་ལུ་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡ ལས་ དངུལ་ཀྲམ་ས་ཡ་༡༦ ལུ་ ཡར་སེང་ཐོག་ བྱིན་ནུག་ཟེར་ཨིན་པས།
ཡར་རྒྱས་ས་བརྐོ་འཕྲུལ་ཆས་ཚོང་སྡེའི་ བསྟན་འཛིན་རྒྱ་མཚོ་ལུ་ ཁྱིམ་བཟོ་བསྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་༡.༥ ལས་ ས་ཡ་༣༠ དང་ ཨོ་ཌི་དེ་ དངུལ་ཀྲམ་ས་ཡ་༡.༥ ལས་ ས་ཡ་༢༥ ལུ་ ཡར་སེང་འབད་དེ་བྱིན་ནུག།
ལྕང་རྒེད་འོག་ལས་ ཐུགས་རྗེ་བཟང་མོ་ལུ་ སྤྱི་ལོ་༢༠༡༦ ཟླ་༥ པའི་ཚེས་༨ ལུ་ ཁྱིམ་བཟོ་བསྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་༩.༥ གནང་བ་གྲུབ་ཡོདཔ་བཞིན་དུ་ པདྨ་དངོས་གྲུབ་ཀྱིས་ ད་རུང་ གནང་བ་མེད་པར་ དངུལ་ཀྲམ་ས་ཡ་༩.༣༤ ཡར་སེང་རྐྱབ་བྱིན་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
ཐིམ་ཁྲོམ་ལུ་ ཨིསི་པིཌ་ཝེ་བཟའ་ཆས་ཚོང་ལག་ལེན་འཐབ་མི་ ཉི་མ་རྡོ་རྗེ་ལུ་ བསྐྱིན་འགྲུལ་དངུལ་ཀྲབ་ས་ཡ་༡ ལས་བརྒལ་ གནང་བ་མ་གྲོལ་རུང་ པདྨ་དངོས་གྲུབ་ཀྱི་ ལྷན་ཐབས་ཐོག་ལུ་ དངུལ་ཀྲམ་ས་ཡ་༨.༦ ཡར་སེང་འབད་དེ་ བྱིན་ཡོདཔ་ཨིན་པས།
དེ་བཟུམ་མའི་ བསྐྱིན་འགྲུལ་ཡར་སེང་འབད་དེ་བྱིན་པའི་ དགའ་ཚོར་ལུ་ པདྨ་དངོས་གྲུབ་ཀྱིས་ དངུལ་ཀྲམ་ས་ཡ་༤.༢༢༧ ཐོབ་ཡོདཔ་མ་ཚད་ ས་བརྐོ་འཕྲུལ་ཆས་༡ དང་ མ་ཧིན་ད་ར་ བེག་ཧོའི་ཉོ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ པདྨ་དངོས་གྲུབ་ལུ་ ཡིག་ཚང་བྱ་སྒོ་ལོག་སྤྱོད་དང་ ནང་གསུག་ལེན་ལེནམ་ མིང་རྟགས་རྫུས་བཟོ་ མགུ་སྐོར་ལག་ལེན་ལ་སོགས་པའི་ ཉེས་འཛུགས་ཁག་༢༡༡ བཀལ་ཡོདཔ་མ་ཚད་ ལས་མགྲོན་པ་གཞན་༨ ལུ་ ནང་གསུག་སྤྲོད་ལེན་འབད་བའི་ ཉེས་འཛུགས་ཚུ་ བཀལ་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གྲོས་འདེབས་བཀོད་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།