ད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤ་རོ་ཕྱི་མི་ནང་སྐྱོད་ཡིག་ཚང་ནང་ མ་དངུལ་ལྐོག་ཟའི་ ཁ་ཉེས་ལུ་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོདཔ་ཨིན་པས།
༉ ཐིམ་ཕུག་ལུ་ འབྲུག་པཱན་ཇབ་རྒྱལ་ཡོངས་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ནང་ དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ ཆད་ཐོན་མི་ལུ་ ཞིབ་དཔྱད་འཕྲོ་མཐུད་འབདཝ་དང་འབྲེལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དོགས་པ་ཅན་༣ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ལྷན་ཚོགས་ཀྱིས་ བདུན་ཕྲག་ཧེ་མའི་ རེས་གཟའ་སྤེན་པ་ལུ་ དངུལ་ཁང་དེ་གི་ ཏི་རུ་ཉེན་སྲུང་འབད་མི་ འགན་འཛིན་པ་དང་ དངུལ་གཉེར་གཙོ་འཛིན་༢ པོ་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་མ་ཚད་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་གྱི་ འགན་འཛིན་པ་དེ་ རེས་གཟའ་ལྷག་པ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དངུལ་ཁང་ལས་བྱེདཔ་གསུམ་ དོ་དམ་འོག་ལུ་ བཞག་མི་དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དྲི་ཞིབ་འབདཝ་ད་ མཉམ་འབྲེལ་འབད་མ་བཏུབ་མི་ལུ་བརྟེན་ཨིན་པའི་ ལོ་རྒྱུས་གོ་ཡི།
དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ ཆད་ཐོན་མི་དེ་ཡང་ སྤྱི་ཟླ་༥ པའི་ནང་ བདའ་ཟུན་པའི་ཤུལ་ལུ་ དངུལ་ཁང་འཛིན་སྐྱོང་གིས་ ནང་འཁོད་རྩིས་ཞིབ་འབད་དེ་ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ ལྷན་ཚོགས་ལུ་ སྙན་ཞུ་འབད་ཡོདཔ་ད་ ཨེ་ཊི་ཨེམ་གྱི་ འགན་འཛིན་པ་ དེ་ གནས་སྐབས་ཅིག་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏང་ཡོདཔ་ཨིན་པས།
མ་གཞི་ ཉོགས་བཤད་ཡི་གུའི་ནང་ དངུལ་ཀྲམ་ས་ཡ་༡༠ ཆད་ཐོན་ཡོདཔ་སྦེ་ བཀོད་ཡོད་རུང་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ནི་དེ་གིས་ དངུལ་འབོར་ག་དེམ་ཅིག་ཡོདཔ་ཨིན་ན་ གཏན་འཁེལ་སྦེ་ ཤེས་མ་ཚུགས་པར་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་ ཨེ་ཏི་ཨེམ་གྱི་ འགན་འཛིན་པ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཐིམ་ཕུག་ལུ་ དངུལ་བཏོན་འཕྲུལ་ཆས་༩ གཞི་བཙུགས་འབད་མི་ཚུ་ག་ར་ ཁོ་ར་རྐྱངམ་གཅིག་གིས་ བལྟ་དགོཔ་ཨིན་རུང་ དངུལ་ཆད་ཐོན་མི་དེ་ ཁོ་གིས་ རྩ་ལས་ར་ ལོག་སྤྱོད་འབད་འབདཝ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ དངུལ་ཆད་ཐོན་མིའི་སྐོར་ལས་ཡང་ ཁོ་ར་གིས་ར་ ཡན་ལག་འཛིན་སྐྱོང་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ བདག་སྐྱོང་གི་ འགོ་དཔོན་གོངམ་ཚུ་གིས་ ཁོ་ལུ་ བརྡུང་རྫོབ་འབད་ཡོདཔ་མ་ཚད་ ཆད་ཐོན་མི་ དངུལ་འབོར་དེ་ ཁོ་གིས་ ལོག་སྤྱོད་འབད་ཡོདཔ་སྦེ་ དབང་བཙོང་ཐོག་ ཡི་གུ་བྲིས་བཅུག་སྟེ་ ས་ཡིག་ཡང་ རྐྱབ་བཅུག་ཅི་ཟེར་ཨིན་པས།
འདས་པའི་དྲི་བ་དྲིས་ལན་སྐབས་ དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཌི་ཀེ་ གུབ་ཏ་གིས་ སླབ་མིའི་ནང་ མ་གཞི་ ནང་འཁོད་རྩིས་ཞིབ་འབད་པའི་སྐབས་ལུ་ ངེས་ཏིག་དངུལ་བསྡོམས་ ག་དེམ་ཅིག་ ལོག་སྤྱོད་འབད་ཡོདཔ་ཨིན་ན་ ཤེས་མ་ཚུགས་རུང་ དངུལ་ཁང་གི་ ལམ་ལུགས་དང་འཁྲིལཝ་ད་ རྩིས་ཚུ་ག་ར་ ཚུལ་མཐུན་སྦེ་འདུག་ཟེར་ཨིན་པས།
ཨིན་རུང་ ཏི་རུ་ཚུ་ ཨེ་ཊི་ཨེམ་ནང་ལས་ བཏོན་འབག་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།
ན་ཧིང་ འབྲུག་རྒྱལ་ཡོངས་པཱན་ཇབ་དངུལ་ཁང་ནང་ལས་ རྒྱ་གར་གྱི་རུ་པི་ས་ཡ་༦༡.༣༦༩ དེ་ཅིག་ ཚུལ་མིན་གྱི་སྒོ་ལས་ ཕྱིར་གཏོང་འབད་མི་ལུ་བརྟེན་ ཉེགས་འཛུགས་ཅན་གཙོ་བོ་༣ དང་ དངུལ་ཁང་གི་ ལས་བྱེདཔ་༡༡ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།
ད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ཕྱི་མི་ནང་སྐྱོད་ཡིག་ཚང་ནང་ དངུལ་ཀྲམ་ས་ཡ་༡.༦ དེ་ཅིག་ ལྐོག་ཟ་འབད་བའི་ རྩོད་དོན་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ ལོ་རྒྱུས་དང་འཁྲིལཝ་ད་ དངུལ་ཁང་ནང་ ཏི་རུ་བཙུགས་བཏོན་འབད་མི་ ལས་བྱེདཔ་ཅིག་གིས་ སྤྱི་ལོ་༢༠༡༢ ལས་ ད་ཚུན་གྱི་བར་ན་ ཕྱི་མི་ནང་སྐྱོད་ཀྱི་ འཐུས་ལེན་མི་ཚུ་ ཚུལ་མིན་ཐོག་ལས་ སྒེར་སྤྱོད་འབད་ཡོད་པའི་ ཁ་ཉེས་ཡོདཔ་ཨིན་པས།
དེ་ལས་ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ པདྨ་དགའ་ཚལ་ལུ་ ཁྲིམས་སྲུང་འགག་པ་གིས་ འབྲུག་གོང་འཕེལ་དངུལ་ཁང་གི་ ལས་བྱེདཔ་ཅིག་ དོ་དམ་འོག་ལུ་ བཞག་ཡོད་མི་དེ་ཡང་ ཁོ་གིས་ དངུལ་ཀྲམ་ས་ཡ་༤ དེ་ཅིག་ སྒེར་སྤྱོད་འབད་ཡོད་པའི་ དོགས་པ་ཡོད་མི་ལུ་བརྟེན་ཨིན་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།