རྩི་རང་རྫོང་བདག་ ངག་དབང་པདྨོ་གིས་ འཚོལ་ཞིབ་དང་ཉེན་སྐྱོབ་ཅ་ཆས་ཚུ་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་འབད་བའ་བསྒང་།

དངུལ་ཀྲམ་ས་ཡ་༦.༧ གནས་པའི་ འཚོལ་ཞིབ་དང་ཉེན་སྐྱོབ་ཅ་ཆས་ཚུ་ རྩིས་སྤྲོད་འབད་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༥ ལུ་ རྩི་རང་རྫོང་ཁག་གིས་ དངུལ་ཀྲམ་ས་ཡ་༦.༧ གནས་པའི་ འཚོལ་ཞིབ་དང་ཉེན་སྐྱོབ་ཅ་ཆས་ དང་ པར་ཆས་སི་སི་ཊི་བི་ དེ་ལས་ དུ་པ་ལྟ་རྟོག་ཅ་ཆས་ཚུ་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
མ་གཞི་ འཚོལ་ཞིབ་དང་ཉེན་སྐྱོབ་ཅ་ཆས་ཚུ་ ན་ཧིང་ལས་ར་ བྱིན་ཡོད་རུང་ ད་རེས་གཞུང་འབྲེལ་ཐོག་ འགོ་དཔོན་ཚུ་ལུ་ སི་སི་ཊི་བི་དང་ དུ་པ་ལྟ་རྟོག་ཅ་ཆས་ཚུ་དང་གཅིག་ཁར་ རྩིས་སྤྲོད་འབད་ནུག།
རྩི་རང་རྫོང་གི་ ཁང་མིག་དང་ གསང་སྤྱོད་ག་རའི་ནང་ དུ་པ་ལྟ་རྟོག་ཅ་ཆས་༡༦༥ དེ་ཅིག་ བཙུགས་ཡོདཔ་བཞིན་དུ་ རྫོང་ཁག་ཚོགས་འདུའི་ ཞལ་འཛོམས་ཁང་དང་ རྫོང་བདག་གི་མཆོད་བཤམ་ དེ་ལས་ ཇ་ཁང་ཚུ་ནང་ ཚ་དྲོད་ལྟ་རྟོག་ཅ་ཆས་༩ དེ་ཅིག་ བཙུགས་ཡོདཔ་ཨིན་པས།
གློག་མེ་བཟོ་རིག་འགོ་དཔོན་ གོ་བཱིན་ཏ་མང་གིས་ སླབ་མིའི་ནང་ འཕྲུལ་ཆས་ཚུ་གིས་ རྫོང་ནང་ཏམ་ཁུ་ འཐུང་པ་ཅིན་ དུ་པ་ཚུ་ བདའ་ཟུན་ཚུགསཔ་མ་ཚད་ རྫོང་ནང་ མེ་རྐྱེན་ག་ཅི་ར་འབྱུང་རུང་ བདའ་ཟུན་ཚུགས་པའི་ འཕྲུལ་ཆས་ཚུ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
དུ་པ་ལྟ་རྟོག་ཅ་ཆས་དང་ ཚ་དྲོད་ལྟ་རྟོག་ཅ་ཆས་ བརྡ་སྐད་ཅ་ཆས་ཚུ་ གཞི་བཙུགས་འབད་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤.༧ དེ་ཅིག་ གནས་ཡོདཔ་ཨིན་པས།
འདས་པའི་ཟླཝ་༦ ནང་ འགྲམ་ཕུག་ཁྲོམ་སྡེ་གི་ རྒྱུན་སྐྱོང་མ་དངུལ་གྱིས་ རྩི་རང་ཁྲོམ་སྡེ་ལྟེ་བའི་ས་ཁོངས་ཚུ་ནང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནིའི་དོན་ལུ་ པར་ཆས་༡༡ བཙུགས་ཡོདཔ་བཞིན་དུ་ ལྟ་རྟོག་དང་ ཚད་འཛིན་གྱི་འགན་ཁུར་དེ་ ཁྲིམས་སྲུང་འགག་སྡེ་ལུ་ སྤྲོད་མི་དེ་གིས་ ཉེན་སྲུང་དང་ ཕྱགས་སྙིགས་འཛིན་སྐྱོང་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
ན་ཧིང་ སྤྱི་ཟླ་༧ པའི་ནང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ལས་ རྫོང་ཁག་བདག་སྐྱོང་གིས་ དངུལ་ཀྲམ་ས་ཡ་༠.༥༤ གནས་པའི་ འཚོལ་ཞིབ་དང་ཉེན་སྐྱོབ་ཀྱི་ ཅ་ཆས་ཚུ་ཐོབ་ཡོདཔ་མ་ཚད་ རྩིས་ལོ་༢༠༡༦-༡༧ ལུ་ དངུལ་ཀྲམ་ས་ཡ་༡.༣ གནས་པའི་ ཅ་ཆས་ཚུ་ཡང་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
རྩི་རང་རྫོང་ཁག་བདག་སྐྱོང་གིས་ གློག་འཕྲུལ་མཁོ་སྒྲུབ་འབད་བའི་ཤུལ་ལས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༠.༥༩ གནས་པའི་ ཉེན་སྲུང་གི་ཅ་ཆས་ཚུ་ཡང་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཅ་ཆས་རྩིས་སྤྲོད་ལེན་འབད་བའི་སྐབས་ རྫོང་བདག་ངག་དབང་པདྨོ་གིས་ སླབ་མིའི་ནང་ ཅ་ཆས་ཚུ་ རྫོང་ནང་བཞག་པའི་སྐབས་ ལག་ལེན་དེ་ཅིག་མེདཔ་ལས་ ཁྲིམས་སྲུང་འགག་པ་ཚུ་ རྐྱེན་ངན་ག་ཏེ་འབྱུང་སར་ ལྷོད་མི་ལུ་བརྟེན་ ད་རེས་ ཞབས་ཏོག་དང་ ཉེན་སྲུང་ དེ་ལས་ ལྟ་རྟོག་གི་ ལྷན་ཐབས་འབྱུང་ཐབས་ལུ་ རྩིས་སྤྲོད་འབད་དོ་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *