ནི་རོ་ནེ་བི་གེ་ཤཱན་འཕྲུལ་ཆས་ འགྲེམ་སྟོན་འབད་བའི་བསྒང་།

དངུལ་ཀྲམ་ས་ཡ་༣༠ གནས་པའི་ ནད་བརྟག་འཕྲུལ་ཆས་ཅིག་ གྲོགས་རམ་ཐོབ་ཡོདཔ།

༉ ཁ་ཙ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་དོན་ལུ་ ཨཱསི་ཊེ་ལི་ཡ་ བེ་ནཱ་ལུ་ཡོད་པའི་མཉམ་རོགས་ སྡེ་ཚན་ཅིག་གིས་ རྩ་ཁམས་དང་འབྲེལ་བའི་ནད་གཞི་ མགྱོགས་དྲགས་སྦེ་ ངོས་འཛིན་འབད་ནིའི་དོན་ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༣༠ དེ་ཅིག་གནས་མི་ ནད་བརྟག་འཕྲུལ་ཆས་ ནི་རོ་ནེ་བི་གེ་ཤཱན་ཟེར་མི་ཅིག་ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།
རྩ་ཁམས་ཀྱི་མཁས་མཆོག་ ཌོག་ཊར་བཀྲིས་བསྟན་འཛིན་གྱིས་ སླབ་མིའི་ནང་ འཕྲུལ་ཆས་དེ་གིས་ ཀླདཔ་དང་ སྒལ་ཚིགས་ཀྱི་རྩའི་ནད་གཞི་ཚུ་ གཤག་བཅོས་འབད་བའི་སྐབས་ ལམ་སྟོན་བཟུམ་ཅིག་འོང་ནི་ཨིནམ་ད་ རྩ་ཁམས་དང་འབྲེལ་བའི་ནད་གཞི་དེ་ ག་ཏེ་ཡོདཔ་ཨིན་ན་ ངོས་འཛིན་ངེས་བདེན་འབད་མི་ འཕྲུལ་ཆས་ཅིག་ ཨིན་ཟེར་ཨིན་པས།
ཨཱསི་ཊེ་ལི་ཡའི་ བེ་ནཱ་ལུ་ཡོད་པའི་ གསོ་བའི་མཐོ་རིམ་སློབ་གྲྭ་གི་ རྩ་ཁམས་གྲོས་སྟོན་པ་ ཌོག་ཊར་སི་ཊི་ཕན་ འུལཕི་བར་གར་གྱིས་ སླབ་མིའི་ནང་ ཧེ་མ་ འཕྲུལ་ཆས་མེད་པའི་སྐབས་ རྩ་ཁམས་དང་འབྲེལ་བའི་ནད་གཞི་ དཔེར་ན་ ཀླདཔ་ལུ་ཡོད་པ་ཅིན་ ནད་གཞི་དེ་ ག་ཏེ་ཁ་ཐུག་ཡོདཔ་ཨིན་ན་ འཚོལ་ནིའི་དོན་ལུ་ དུས་ཚོད་འགོརཝ་མ་ཚད་ ནདཔ་ལུ་ཡང་ ཉེན་ཁ་སྦོམ་ཡོད་ཟེར་ཨིནམ་ད་ ད་རེས་འཕྲུལ་ཆས་དེ་གིས་ རྩ་ཁམས་དང་འབྲེལ་བའི་ནད་གཞི་ ག་ཏེ་ཡོདཔ་ཨིན་ན་ མགྱོགས་དྲགས་སྦེ་ ངོས་འཛིན་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་སླབ་མའི་ནང་ ཧེ་མ་ འཕྲུལ་ཆས་མེད་པའི་སྐབས་ རྩ་ཁམས་ཀྱི་ནད་གཞི་ ངོས་འཛིན་འབད་ནིའི་དོན་ལུ་ གདོང་ལེན་བྱུང་ཡི་ཟེར་ཨིནམ་ད་ རྩ་ཁམས་ཀྱི་ནད་གཞི་ ངོས་འཛིན་འབད་ནིའི་དོན་ལུ་ ཤ་མང་སུ་སྦེ་ བཏོག་དགོ་ཟེར་ཨིནམ་ད་ དེ་ཡང་ ཁོ་ར་ སྤྱི་ལོ་༡༩༩༧ ལུ་ རྩ་ཁམས་དང་འབྲེལ་བའི་ ནད་གཞི་གི་ལཱ་འབདཝ་ད་ ནད་གཞི་དེ་ བདའ་མ་ཟུན་ཚུན་ཚོད་ གཤག་བཅོས་འབད་དགོ་ཟེར་ཨིན་པས།
རྩ་ཁམས་གྲོས་སྟོན་པ་ ཌོག་ཊར་སི་ཊི་ཕན་ འུལཕི་བར་གར་དང་འཁྲིལ་བ་ཅིན་ འཕྲུལ་ཆས་དེ་གིས་ རྩ་ཁམས་དང་འབྲེལ་བའི་གཤག་བཅོས་འབད་ནི་དོན་ལུ་ གཤག་བཅོས་འབད་མི་ལུ་ ཕན་ཁྱད་འབྱུང་ཚུགས་ཟེར་ཨིནམ་ད་ ནད་གཞི་དེ་ ག་ཏེ་ཡོདཔ་ཨིན་ན་ ངེས་བདེན་སྦེ་ར་ ངོས་འཛིན་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཀླདཔ་གི་རྩ་ཁམས་དང་འབྲེལ་བའི་ ནད་གཞི་དེ་ ཉེན་ཁ་ཅན་ཅིག་ཨིན་ཟེར་ཨིནམ་ད་ ད་ལས་ཕར་ འབྲུག་ལུ་ ཌོག་ཊར་བཀྲིས་བསྟན་འཛིན་གྱིས་ གཤག་བཅོས་འབད་ནི་ཨིནམ་ལས་ རྩ་ཁམས་དང་འབྲེལ་བའི་ནད་གཞི་ གཤག་བཅོས་འབད་ནིའི་ སྦྱང་བ་བྱིན་མི་དེ་གིས་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཌོག་ཊར་བཀྲིས་བསྟན་འཛིན་གྱིས་ སླབ་མིའི་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཌོག་ཊར་སི་ཊི་ཕན་ འུལཕི་བར་གར་གྱིས་ འཕྲུལ་ཆས་ཐོག་ལས་ སྤྱི་ཟླ་༡༠ པའི་ཚེས་༢༣ དང་༢༤ ལུ་ རྩ་ཁམས་ཀྱི་ནད་གཞི་ཡོད་མི་༢ གཤག་བཅོས་འབད་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ གཤག་བཅོས་འབད་མི་༢ ལས་ དཔེ་སྟོན་བཏུབ་མི་དེ་ར་ སྤྱི་ཚེས་༢༤ ལུ་ འབད་མི་དེ་ཨིན་ཟེར་ཨིན་པས།
འཕྲུལ་ཆས་དེ་ ཨཱསི་ཊེ་ལི་ཡ་ལས་ འབྲུག་ལུ་བསྐྱལ་ནིའི་དོན་ལུ་ ཨཱསི་ཊེ་ལི་ཡའི་ས་གནས་ བེ་ནཱ་ལུ་ཡོད་པའི་ མཉམ་རོགས་སྡེ་ཚན་དེ་གིས་ ཟད་འགྲོ་བཏང་ཡོདཔ་ད་ འཕྲུལ་ཆས་དེ་ ལྗིད་ཚད་ཀེ་ཇི་༣༤༠ དེ་ཅིག་ ཡོདཔ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གཙོ་འཛིན་ལྷཔ་རྡོ་རྗེ་གིས་ སླབ་མིའི་ནང་ འཕྲུལ་ཆས་དེ་ ཧེ་མ་ འབྲུག་ལུ་མེད་པའི་ཁར་ རྩ་ཁམས་དང་འབྲེལ་བའི་ ནད་གཞི་ཚབས་ཆེན་ཚུ་ སྨན་བཅོས་འབད་བར་ རྒྱ་གར་ལུ་ གཏང་དགོ་ཟེར་ཨིནམ་ད་ ད་རེས་འབྲུག་པའི་མི་སེར་ཚུ་ རྒྱལ་ཁབ་གཞན་ཚུ་ནང་ འགྱོ་མ་དགོ་པར་ འཕྲུལ་ཆས་དེ་གི་ཐོག་ལས་ འབྲུག་ལུ་ར་ སྨན་བཅོས་འབད་ནིའི་ གོ་སྐབས་འཐོབ་ནི་ཨིནམ་ལས་ འབྲུག་པའི་མི་སེར་དང་ ཕྱི་མི་༢ ཆ་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཌོག་ཊར་བཀྲིས་བསྟན་འཛིན་གྱིས་ སླབ་མིའི་ནང་ གྲོགས་རམ་བྱིན་མི་འཕྲུལ་ཆས་ཚུ་ སྨན་ཁང་ནང་ གཞི་བཙུགས་འབད་བའི་སྐབས་ མི་ཚུ་གིས་ འཕྲུལ་ཆས་རྙིངམ་ཨིན་མས་ཟེར་བའི་ ཉོགས་བཤད་བཀོད་མི་ཡང་ ཐོནམ་མས་ཟེར་ཨིནམ་ད་ ད་རེས་ གྲོགས་རམ་བྱིན་མི་འཕྲུལ་ཆས་དེ་ གསརཔ་ཨིནམ་ལས་ མཐར་འཁྱོལ་ཅན་སྦེ་ གཞི་བཙུགས་འབད་ཚུགས་ཅི་ཟེར་ཨིན་པས།
འཕྲུལ་ཆས་དེ་ གྲོགས་རམ་སྦེ་ ཐོབ་དགོ་པའི་གནད་དོན་དེ་ཡང་ སྤྱི་ལོ་༢༠༡༣ ལུ་ ཨཱསི་ཊེ་ལི་ཡའི་ ལྟ་བཤལཔ་ཅིག་ འབྲུག་ལུ་འོང་པའི་ཤུལ་ལས་ ཁོ་རའི་རྐངམ་ལུ་ ཁྲག་ཚིལ་ཆགས་ཏེ་ དེ་གིས་ ཁོ་རའི་མི་ཚེ་ཡང་ མེདཔ་གཏང་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ ཌོག་ཊར་བཀྲིས་བསྟན་འཛིན་གྱིས་ སྨན་བཅོས་འབད་བའི་ཤུལ་ལས་ ཁོ་ར་ ལེགས་ཤོམ་སྦེ་དྲག་པའི་ བཀའ་དྲིན་དགའ་ཚོར་ལུ་ ནི་རོ་ནེ་བི་གེ་ཤཱན་ཕྲུལ་ཆས་དེ་ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༡༥ ལུ་ ཌོག་ཊར་བཀྲིས་བསྟན་འཛིན་གྱིས་ ཨཱསི་ཊེ་ལི་ཡའི་གི་ས་གནས་ བེ་ནཱ་ལུ་ ཧེ་མའི་ནདཔ་དེ་དང་ ཁོ་རའི་སྡེ་ཚན་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ རྩ་ཁམས་དང་འབྲེལ་བའི་ནད་གཞི་གི་ སྨན་བཅོས་སྦྱོང་བརྡར་འབད་ནུག།
ད་རེས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གྲོགས་རམ་སྦེ་ཐོབ་མི་ རིན་གོང་ཆེ་བའི་འཕྲུལ་ཆས་དེ་ འབྲུག་རྒྱལ་ཁབ་ནང་ གསོ་བའི་མཐུན་རྐྱེན་ལེགས་ཤོམ་ཅིག་ཨིནམ་ད་ དེ་ཡང་ འབྲུག་དང་ ཨཱསི་ཊེ་ལི་ཡའི་ ཌོག་ཊར་ཚུ་གི་བར་ན་ ཆ་རོགས་ཀྱི་འདུ་ཤེས་དང་ མཐུན་ལམ་དམ་ཟབ་ཡོད་མི་ལུ་བརྟེན་ཏེ་ ཐོབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *